གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་རེ་རེ་མི་ལེན་ཀ་མེད་རེད། །
རེ་རེ་མ་བླངས་ཚོད་ཡོད་རེད། །
སྐྱིད་ན་ཇ་ཆང་མཚར་གླུ་རེད། །
སྡུག་ན་རང་སེམས་གསོ་བ་རེད། །
ས་འདིའི་ས་ངོ་མ་ཤེས་ན། །
གཡག་ལ་སེར་པོའི་ཐུར་ལམ་རེད། །
ང་དང་ང་ངོ་མ་ཤེས་ན། །
རྨ་ཡུལ་མཐོང་སྨོན་དཀར་པོ་ན། །
ཕོ་བྲང་དངུལ་ཆུའི་ཁྲོ་རྫོང་ན། །
ཆུང་རྒྱུད་དུང་སེང་དཀར་ལུ་རེད། །
གཡུ་རལ་ངོམ་ངེས་རྒྱ་ཚ་ཡིན། །
གླུ་འདི་གླུ་ངོ་མ་ཤེས་ན། །
ཞལ་ལུའི་དཀར་མོ་དྲུག་འགྱུར་ཡིན། །
གཞེས་ནིང་དཔྱིད་ཀ་ཟིན་སོ་ནས། །
ད་ལོའི་དབྱར་ལ་མ་རྩེབས་བར། །
དྲུག་འགྱུར་བླངས་པ་ལན་རེ་ཡིན། །
ཉོན་དང་མཐིང་རྒོད་པཱ་དུར་ལགས། །
གནའ་མི་བོད་ཀྱི་ས་ཆ་ན། །
ལུས་དྲང་པོར་སྐྱེས་པའི་སྨྱུག་མ་དཀོན། །
གཏམ་དྲང་པོར་བཤད་པའི་མགྲོན་པོ་དཀོན། །
བློ་དྲང་པོར་བྱེད་པའི་དཔོན་པོ་དཀོན། །
ལམ་དྲང་པོར་འགྲོ་བའི་འདོ་བ་དཀོན། །
སེམས་དྲང་པོར་བཞག་པའི་ཆོས་པ་དཀོན། །
དཀོན་ཟེར་བ་ཉིན་མོའི་སྐར་མ་རེད། །
ཧོར་སེར་མུ་ཏིག་ཐང་གང་ལ། །
དྲང་ཐིག་ཁྱོད་རང་ངོ་མཚར་ཆེ། །
གཞི་དྲང་གསེར་གྱི་ཐིང་ག་ཤིང་ལ། །
དཔའ་པོ་ཅི་བཅོལ་བསམ་དོན་འགྲུབ། །
བློ་འཁྱོགས་བྲག་གི་རུལ་ལ། །
ཡིད་བརྟད་བྱས་ཚེ་མཐའ་ལ་འཕེན། །
དཔེ་དེ་དང་ཁྱད་པར་ག་ལ་ཡོད། །
ལ་བཞིན་ཡིན་ལུགས་བརྗོད་པ་ན། །
བྲག་གསེབ་འཕུར་བའི་འུག་པ་དེ། །
ཁྱིམ་ནང་གསོས་ཀྱང་ལྟས་ངན་སྟོན། །
རི་རྩིབ་འདུར་བའི་སྤྱང་ཐང་དེ། །
སྒོ་རྩར་བཏགས་ཀྱང་ནོར་ལ་འཇབ། །
ཧོར་ནག་དགྲ་སྐལ་གླིང་ལ་ཁྲིད། །
ཕན་པ་ལས་ཀྱང་གནོད་པ་ཆེ། །
དེ་སྟེ་མཐིང་རྒོད་གཡུ་ཡི་རྩེ། །
མ་འཁྱོགས་དྲང་པོ་གློད་ལ་སོམས། །
དམག་རྣམས་གླིང་ལ་ཁྲིད་ན་ནི། །
སྨུག་པོ་ཇ་མཁར་ཕྱུག་མོ་ཆེ། །
གུར་དཀར་དཔུང་གིས་བཤིག་པ་འདི། །
གུར་ནག་དམག་གིས་བསོས་ན་བཟང་། །
རྐང་པས་བསུབས་པའི་རི་མོ་དེ། །
ལག་པས་སླར་ཡང་བྲིས་ན་བཟང་། །
དེ་རིང་ཞལ་དཀར་གླིང་བྱོན་འདི། །
བཟང་སྟེ་འཕྲུ་ནག་ཐར་བ་ཐོབ། །
མི་གསུམ་བསད་པའི་སྡིག་པ་ལས། །
མི་གཅིག་གསོན་པའི་དགེ་བ་ཆེ། །
གུར་ནག་པཱ་དུར་མགོ་བྱས་པའི། །
འཕྲུ་ནག་བརྒྱ་དམག་ལྔ་པོ་འདི། །
གླིང་དཀར་སྤྱི་པའི་ཚེ་ཐར་བྱེད། །
ཡང་སྒོས་རྒྱ་ཚའི་སྡིག་བཤགས་བྱེད། །
ཨ་ཆེན་ཐང་སྟོང་སྐྱ་མོ་ལ། །
དགའ་ཞིང་དཔྲལ་བ་བསྟད་པ་ལམ། །
མཐོང་སྨོན་གླིང་གི་ས་ཆ་ན། །
སྡུག་ཀྱང་རྐང་ཆུང་སྤོ་བ་དགའ། །
ཧོར་སེར་དཔོན་ལུས་ལེན་པ་ལས། །
གླིང་དཀར་མོ་ལུས་ལེན་པ་སྐྱིད། །
སྨུག་པོ་ལྡོང་གི་རྒྱལ་རྒྱུད་དང་། །
ཡ་རྩེའི་ཧོར་གྱི་རུས་བརྒྱུད་གཉིས། །
གསེར་དང་ར་ནག་ཕྱེ་ནས་ཡོང་། །
དངུལ་དང་ཞ་ཉེ་ཤེས་ནས་འོང་། །
ཨ་ཙི་མཚར་གྱི་ཆེ་བ་ལ། །
གཡང་དཀར་བལ་ཚགས་གཞན་ལས་མཐུག །
གླིང་དཀར་ཞལ་ལུའི་བསོད་ནམས་ལ། །
ཧོར་དམག་དཔུང་བས་དགའ་ཞིང་བསྐོར། །
ཨ་ཅང་གེ་སར་རྒྱལ་པོ་ཡི། །
བྱིན་རླབས་འཕྲིན་ལས་ནུས་མཐུ་རེད། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འབྲེལ་བ་ཞུ། །
ཧོར་འཕྲུ་ནག་ཡིད་ལ་དེ་ལྟར་ཞོག །