ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།
དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
ཟླ་7ཚེས་25ནས་27ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་25ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཀོང་ཡོན་གྲོང་ཁྱེར་ཅན་ཀོ་རྫོང་གི་གསོམ་ཤིང་བར་ཁྱམས་སུ་རྟོག་ཞིབ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་སི་ཁྲོན་ཁྲེང་ཏུའུ་དང་ཧྲའན་ཤིས་ཧན་ཀྲུང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཁོང་དུ་བརྟན་པོར་ཆུད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། འཕེལ་རྒྱས་ཀྱི་བྱེད་ཐབས་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་ཁྱབ་ཁོངས། འཕེལ་རྒྱས་ཀྱི་སྤུས་ཚད་བཅས་ཀྱི་རྩ་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་དང་བསྟུན་ནས་རང་ཉིད་ཀྱི་འཐབ་ཇུས་གནས་བབ་དང་འཐབ་ཇུས་ལས་འགན་ལ་དེ་བས་སྟངས་འཛིན་བྱས་ཏེ། ས་གནས་འདི་གའི་དོན་དངོས་ལ་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་རྒོལ་ཕྱོགས་གཙོ་བོ་ཁ་གསལ་བཟོ་བ། ལེགས་ཆ་འདོན་པ་དང་ཞན་ཆ་སེལ་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ནས་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཟླ་7ཚེས་25ནས་27ཉིན་བར་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཧྲེང་ཀྲང་ཧོང་ཆང་གི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་ཀོང་ཡོན་དང་ཏེ་དབྱང་སོགས་ས་ཁུལ་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།
ཚེས་25ཉིན་གྱི་ཕྱི་དྲོར། དང་ཐོག་ཞི་ཅིན་ཕིང་ཀོང་ཡོན་གྲོང་ཁྱེར་ཅན་ཀོ་རྫོང་དུ་ཕེབས་ནས་གསོམ་ཤིང་བར་ཁྱམས་སུ་རྟོག་ཞིབ་གནང་ཞིང་། ས་ཆ་དེ་ནི་གནའ་རབས་ཀོན་ཀྲུང་ཀླུང་ཐང་ནས་སི་ཁྲོན་གཤོང་སར་སྐྱོད་སའི་གནའ་བོའི་སི་ཁྲོན་ལམ་གྱི་ལམ་དུམ་གལ་ཆེན་ཞིག་ཡིན་ལ། ད་བར་ཉར་ཚགས་ཆ་ཚང་ཤོས་ཀྱི་གནའ་བོའི་མིས་བཏབ་པའི་སྦྲག་ལམ་གྱི་གནའ་གསོམ་ནགས་ཚལ་ཞིག་རེད། ཞི་ཅིན་ཕིང་གིས་གནའ་བོའི་སི་ཁྲོན་ལམ་གྱི་འཕེལ་རྒྱས་ལོ་རྒྱུས་དང་གསོམ་ཤིང་བར་ཁྱམས་ཀྱི་གནས་ཚུལ་ངོ་སྤྲོད་གསན་རྗེས། གནའ་ལམ་བརྒྱུད་ཞབས་ཐང་མར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གསོམ་གྱི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ལོ་རྒྱུས་ཐོག་གི་གསོམ་ཤིང་འཛུགས་པ་དང་གསོམ་ཤིང་སྲུང་སྐྱོང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་འཛམ་གླིང་ཐོག་མིས་བཏབ་པའི་གསོམ་ཤིང་ནགས་ཚལ་ཆེ་ཤོས་ད་བར་གནས་པ་དང་སྲུང་སྐྱོང་ཡག་པོ་འདི་ལྟ་བུ་བྱུང་བ་ནི། མིང་རྒྱལ་རབས་ཀྱིས་ཁྱབ་བསྒྲགས་དང་ལག་ལེན་བསྟར་བའི“དཔོན་འབངས་ཀྱིས་ཤིང་གཅོད་མི་ཆོག་པ”དང“ཤིང་རྩིས་སྤྲོད་དང་ཐམ་ག་རྩིས་སྤྲོད”སོགས་ཀྱི་ལམ་ལུགས་ད་བར་རྒྱུན་འཛིན་དང་གོམས་གཤིས་འཇགས་པ་ལས་བྱུང་བ་ཞིག་ཡིན་པ་མ་ཟད། ས་གནས་འདི་གའི་མི་སེར་ཚོས་མི་རབས་ནས་མི་རབས་བར་ཐུན་མོང་ཐོག་སྲུང་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དེས། ང་ཚོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར། ངེས་པར་དུ་ལམ་ལུགས་ཀྱི་སྒྲོམ་གཞི་ཡག་པོ་བཟོ་དགོས་པ་དང་ལམ་ལུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་སེམས་ཀྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཏེ་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་བློ་སྒོ་ཕྱེ་ཡོད། ཞལ་མ་གྱེས་གོང་། ཞི་ཅིན་ཕིང་གིས་ས་གནས་དེ་གའི་འགན་འཁུར་བློ་མཐུན་ལ། གནའ་གསོམ་སྲུང་སྐྱོང་ཡག་པོ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
ཏེ་དབྱང་གྲོང་ཁྱེར་དང་ཀོང་ཧན་གྲོང་ཁྱེར་ཤིས་པའེ་ཡཱ་ཙེ་ཧོ་གཙང་པོའི་ལྷོ་ངོས་སུ་ཡོད་པའི་སན་ཤིང་ཏུའེ་གནའ་ཤུལ་ལས། ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་གནའ་བོའི་སི་ཁྲོན་གྱི་ཤེས་དཔལ་གྱི་རྣམ་པ་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཚོན་ཞིང་། སྐབས་དེའི་འབྲི་ཆུ་རྒྱུག་ཁུལ་གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་སའི་གནའ་ཤུལ་ཞིག་རེད། ཚེས་26ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སན་ཤིང་ཏུའེ་རྟེན་མཛོད་ཁང་གི་འགྲེམས་ཁང་གསར་པར་ཕེབས་ནས་སན་ཤིང་ཏུའེ་གནའ་ཤུལ་ཤེས་རྟོགས་དང་སྔོག་འདོན་གྱི་ལོ་རྒྱུས་དང་གནའ་བོའི་སི་ཁྲོན་གྱི་ཤེས་དཔལ་གྱི་གྲུབ་འབྲས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་སན་ཤིང་ཏུའེ་གནའ་ཤུལ་གནའ་རྫས་ཀྱི་རྟོག་ཞིབ་གྲུབ་འབྲས་འཛམ་གླིང་ལ་སྐད་གྲགས་ཆོད་པ་མ་ཟད། ལོ་ངོ་བཞི་སྟོང་ལྷག་ཙམ་གོང་གི་ཤེས་དཔལ་གྱི་གྲུབ་འབྲས་མངོན་ཏེ་ཀྲུང་ཧྭའི་ཤེས་དཔལ་སྣེ་མང་གཞི་གཅིག་དང་གནའ་བོའི་སི་ཁྲོན་གྱི་ཤེས་དཔལ་དང་ཀྲུང་ཡོན་གྱི་ཤེས་དཔལ་ཕན་ཚུན་ཤུགས་རྐྱེན་ལྡན་པ་སོགས་ལ་དེ་བས་ཁུངས་བཙན་པའི་གནའ་རྫས་རྟོག་ཞིབ་ཀྱི་དཔང་རྟགས་མཁོ་འདོན་བྱས་ཡོད། རིག་དངོས་སྲུང་སྐྱོང་དང་ཉམས་གསོ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། ནན་ལ་ཞིབ་ཚགས་ཀྱི་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་བྱ་བ་རེ་རེ་བཞིན་སྒྲུབ་པ་དང་སྙིང་རུས་གཏན་འཁྱོངས་ཀྱིས་གྲུབ་འབྲས་དེ་བས་ཆེ་བ་འཐོབ་པར་བྱེད་དགོས་ཞེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་སན་ཤིང་ཏུའེ་རྟེན་མཛོད་ཁང་གི་འགྲེམས་ཁང་གསར་པ་བསྐྲུན་ནས་སྤྱད་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་འབྲེལ་རྒྱ་ཆེའི་གནའ་རྫས་རྟོག་ཞིབ་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
ཚེས་27ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས། སི་ཁྲོན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། སི་ཁྲོན་གྱིས་ཚན་རྩལ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་སྒྱུར་བར་སྐུལ་འདེད་གཏོང་བའི་ཐད་དུས་གཅིག་ཏུ་ཤུགས་སྣོན་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཐད་ཤུགས་སྣོན་གནད་སྨིན། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པ་ནི། དུས་ཀྱི་འཕེལ་ཕྱོགས་རེད་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཡང་ཡིན་པས། ངེས་པར་དུ་གསར་གཏོད་དང་ལྷག་པར་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་ལ་རྩ་སྒྱུར་དང་སྒུལ་ནུས་བརྗེ་སྒྱུར་ཡོང་བར་བྱེད་དགོས། སི་ཁྲོན་གྱིས་མཐོ་སློབ་དང་ཚན་ཞིབ་ཀྱི་སྒྲིག་གཞི་མང་བ་དང་། གསར་གཏོད་ཤེས་ལྡན་པ་གཅིག་སྡུད་ཀྱི་ལེགས་ཆ་དང་ཐོན་ལས་མ་ལག་ཅུང་འཐུས་སྒོ་ཚང་བ། ཐོན་ལས་ཀྱི་རྨང་གཞི་ཟབ་པ་བཅས་ཀྱི་ལེགས་ཆ་བཏོན་ནས་ཚན་རྩལ་གསར་གཏོད་དང་ཚན་རྩལ་གྱི་གྲུབ་འབྲས་སྒྱུར་བར་མཉམ་དུ་ཤུགས་རྒྱག་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སི་ཁྲོན་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལྟེ་གནས་རེད་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ལྷག་པར་དུ་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པར་གནས་བབ་དམིགས་བསལ་དང་གལ་ཆེན་ལྡན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་དམིགས་བསལ་ལེགས་ཆར་བརྟེན་པ་དང་རྒྱལ་ཁབ་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་ཐོན་ལས་བཀོད་སྒྲིག་གསར་པ་དང་སྤུས་ཚད་མཐོ་པོས་འབྲེལ་མཐུད་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་རྒོལ་ཕྱོགས་གཙོ་བོར་བྱས་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་གཏོང་བ་དང་། འབྱུང་འགྱུར་ཐོན་ལས་སྔ་སྣུར་དུ་བཀོད་སྒྲིག་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སི་ཁྲོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ནུས་རྒྱུ་གསར་པའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་ཆུ་དང་། རླུང་། འོད། ཆིང་། རང་བྱུང་སོལ་རླངས་སོགས་ནུས་རྒྱུ་མང་པོ་གསབ་རེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
འབྲུ་རིགས་དང་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་སོགས་ཐོན་སྐྱེད་མཁོ་སྤྲོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་དམའ་རིམ་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་གྱི་འཐབ་ཇུས་རྟེན་གཞི་སྐྲུན་དགོས། “སི་ཁྲོན་དང་ཁྲུང་ཆིང་བསམ་ཇུས་གཅིག”ཡོང་བ་མཐའ་འཁྱོངས་བྱས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གི་ས་ཁོངས་མཐུན་སྦྱོར་དང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་ནུབ་རྒྱུད་དུ་སྒོ་མོ་འབྱེད་པའི་འཐབ་ཇུས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་འགྲན་རྩོད་ལ་ཞུགས་པའི་རྟེན་གཞི་གསར་པ་བསྐྲུན་ནས་ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕར་གནས་གལ་ཆེན་དང་སྒུལ་ཤུགས་གསར་པར་མགྱོགས་མྱུར་འགྱུར་བ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་སྟེ་གྲོང་གསེབ་དར་རྒྱས་སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་གཏོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འབྲུ་རིགས་དང་། ཕག་པ། པད་ཁ་སོགས་ཞིང་ཞོར་ཐོན་རྫས་གཙོ་བོའི་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པའི་འགན་འཁྲི་དེ་བས་ཡག་པོ་འཁུར་དགོས། གནད་འགག་གཉིས་ཏེ་ས་བོན་དང་རྨོ་ཞིང་ལ་དམ་འཛིན་བྱས་ཏེ། སོན་བཟང་དང་ཞིང་བཟང་ཆ་འགྲིག་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཆུ་ཚད་དེ་བས་མཐོ་བའི“ཐེན་ཧྥུའུ་འབྲུ་མཛོད”སྐྲུན་དགོས། ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ཐད་མང་ཚོགས་ཀྱིས་བསམ་འཆར་མང་བ་དང་། དམ་འཛིན་བྱེད་ཐུབ་པ། ལོ་ཤས་དམ་འཛིན་བྱས་ནས་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་བྱ་བ་ཁག་གཅིག་ལ་དམིགས་ཏེ། ཐོན་ཁུངས་གཅིག་སྡུད་ཚད་བརྒལ་ཡོང་བར་བྱས་ནས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོན་པ་བྱེད་དགོས། ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱད་དེ་བཅད་ཁ་ཆུང་ངུར་དམིགས་ནས་འབད་བརྩོན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། གྲོང་གསེབ་ཀྱི་ཁང་ས་སྒྱུར་བཅོས་བྱེད་པར་མཐའ་ཚད་སྲུང་དགོས། ས་ཞིང་ནང་བཤུག་གི་འགག་སྒོ་དམ་པོར་བསྲུངས་ནས་ནང་བཤུག་གི་གོ་སྐབས་སྤྱད་དེ“ཞིང་ལས་མིན་པའི”ལས་སྒོ་གཉེར་མི་རུང་། སྤྱི་ཚོགས་ཀྱི་འགན་ལེན་མ་ལག་ཐད་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཙོ་གནད་ས་ཁུལ་ཞིག་ཀྱང་ཡིན་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སི་ཁྲོན་ནི་རང་བྱུང་གནོད་འཚེ་མང་པོ་ཐོན་པའི་ས་ཆ་ཞིག་ཡིན་པས་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་སྟོབས་ཤུགས་བསྐྲུན་པར་ཤུགས་སྣོན་རྒྱག་པ། ཕུགས་ཕན་ལམ་སྲོལ་གྲུབ་པ་བཅས་བྱས་ནས་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་དུས་ཚོད་ཟླ་བ་གཅིག་ལས་ལྷག་མེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་འགོ་མཇུག་ཡོད་པ་དང་། འགོ་མཇུག་གཟབ་འཁྱོངས། ཕན་འབྲས་དོན་གཉེར་བཅས་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་ཚོད་སྐོར་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སེམས་ལ་ཟུག་མིན་དང་ཏང་ཡོན་ལས་བྱེད་པས་བསམ་བློ་གཏོང་མཁས་པོ་དང་བེད་སྤྱོད་བྱེད་མཁས་པོ་བྱེད་ཐུབ་མིན་ལ་བལྟ་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གསལ་པོ་ཤེས་མིན་དང་གནད་དོན་དངོས་ཐག་གཅོད་བྱེད་མིན་ལ་བལྟ་དགོས། འཕེལ་རྒྱས་ཀྱི་ཕན་འབྲས་ལ་སྐུལ་འདེད་གཏོང་བར་ཞིབ་བཤེར་བྱེད་པར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་མིན་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་མིན་ལ་བལྟ་དགོས། ལྟ་བཤེར་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། གནད་དོན་གྱི་འགག་རྩ་འཚོལ་ཞིབ་ཡག་པོ་ཐུབ་མིན་དང་དག་ཐེར་བཅོས་སྒྲིག་གནད་ལ་འཁེལ་མིན་ལ་བལྟ་དགོས། ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པར། བསམ་བློ་དང་རྩ་འཛུགས་དྭངས་གཙང་མེད་པའི་སྣང་ཚུལ་ཡོ་བསྲང་བྱེད་མིན་དང་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་བསལ་མིན་ལ་བལྟ་དགོས། ཕན་འབྲས་ལ་ཚོད་སྐོར་བྱེད་སྐབས་སྐད་ཆ་དྲང་པོ་ཤོད་པ་དང་། བདེན་པ་བདེན་ཐུབ་ངང་ཚོད་སྐོར་དམ་འཛིན་བྱས་ཏེ་མང་ཚོགས་ལ་གདེང་འཇོག་བྱེད་དུ་བཅུག་ནས་ཚོད་སྐོར་དྲང་གཞག་ཡོང་བར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚོད་སྐོར་བྱེད་པར། གལ་འགངས་ཆེ་ཤོས་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐག་གཅོད་ནུས་ལྡན་ཐུབ་མིན་ལ་བལྟ་དགོས་པ་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་རིགས་ལ་ལྟ་བཤེར་ཐེངས་གཅིག་བྱས་ནས་འབྱུང་རྩར་དབྱེ་ཞིབ་དང་བརྣག་ཐོག་རྩ་འཁེལ་གྱིས་བཅོས་སྒྲིག་ལ་ཕན་འབྲས་ཏན་ཏིག་ཐོབ་པར་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་དང་ཟུང་འབྲེལ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས།
ཞི་ཅིན་ཕིང་གིས་ཧན་ཅང་གཙང་པོ་རྒྱུག་ཁུལ་གྱི་ལོ་རྒྱུས་དང་རིག་གནས་ཀྱི་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཟླ་7ཚེས་29ཉིན་པེ་ཅིང་དུ་ཕྱིར་ལོག་གནང་བའི་ལམ་བར་དུ་ཞི་ཅིན་ཕིང་མེ་འཁོར་ནས་བབས་ཏེ་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ་དང་ཧྲེང་ཀྲང་ཀྲའོ་ཀང་གི་ཕེབས་རོགས་འོག་ཧན་ཀྲུང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ཧན་ཀྲུང་གྲོང་ཁྱེར་རྟེན་མཛོད་ཁང་གི་འབྲེལ་ཡོད་ལོ་རྒྱུས་རིག་དངོས་ཀྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་ཧན་ཀྲུང་གི་ལོ་རྒྱུས་རིག་གནས་དང་རིག་དངོས་སྲུང་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རིག་དངོས་ཀྱིས་འོད་སྟོང་འཕྲོ་བའི་ཤེས་དཔལ་མཚོན་པ་དང་། ལོ་རྒྱུས་རིག་གནས་རྒྱུན་འཛིན། མི་རིགས་ཀྱི་སྙིང་སྟོབས་གཅིག་སྡུད་བཅས་བྱས་ཡོད། མིའི་རིགས་ཀྱི་ཤེས་དཔལ་སྲུང་སྐྱོང་དང་། རྒྱུན་འཛིན། ཞིབ་འཇུག འགྲེམས་སྟོན་བཅས་བྱེད་པའི་རྟེན་མཛོད་ཁང་གི་ནུས་པ་གལ་ཆེན་ཡག་པོ་བཏོན་ཏེ་ཀྲུང་ཧྭའི་རིག་གནས་སྲུང་སྐྱོང་ཡག་པོ་བྱེད་པ་དང་འབྲེལ་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལམ་བར་དུ་ཞི་ཅིན་ཕིང་གིས་ཧན་ཅང་གཙང་པོའི་ཧན་ཀྲུང་གྲོང་ཁྱེར་མཚམས་སུ་གནས་པའི་ཐེན་ཧན་འདམ་རའི་སྤྱི་གླིང་ལ་རྟོག་ཞིབ་གནང་ནས་དེ་ནི་གྲོང་མིའི“བདེ་སྐྱིད་གླིང”ཞིག་རེད་ཅེས་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་ཧན་ཅང་དང་དེའི་ཡན་ལག་ཆུ་བོ་ནི་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་འགོ་གཅིག་སྡུད་ཁུལ་དང་ཆུ་མཁོ་འདོན་ཁུལ་གཙོ་བོ་ཡིན་པས། ས་ཁོངས་དེའི་འདམ་རའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པའི་འགན་འཁྲི་ལྕི་བ་མ་ཟད། རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ཡང་ལྡན་ཡོད། སྐྱེ་ཁམས་སྤྱི་གླིང་སྐྲུན་རྒྱུ་དེ་རང་བྱུང་ཁམས་ལ་བསྟུན་པ་དང་། འདམ་རའི་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་སྲུང་སྐྱོང་དང་མ་ལག་རང་བཞིན་གྱི་ཉམས་གསོར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་སྲུང་སྐྱོང་དེ་ཐོན་སྐྱེད་འཚོ་བ་དང་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། ལྗང་མདོག་ཐཱན་ཉུང་། སྡོད་མལ་དང་ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་སྐྱེ་ཁམས་གྲོང་ཁྱེར་ཞིག་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆིས་ལྷན་དུ་རྟོག་ཞིབ་ལ་ཕེབས་པ་རེད།
ལི་ཀན་ཅེ་དང་ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ལྷན་དུ་རྟོག་ཞིབ་ལ་ཕེབས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།
ཟླ་7ཚེས་25ནས་27ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་26ཉིན་གྱི་ཕྱི་དྲོར། ཏེ་དབྱང་གྲོང་ཁྱེར་གྱི་ཀོང་ཧན་གྲོང་ཁྱེར་དུ་གནས་པའི་སན་ཤིང་ཏུའེ་རྟེན་མཛོད་ཁང་རིག་དངོས་སྲུང་སྐྱོང་དང་ཉམས་གསོ་ཁང་དུ་ཞི་ཅིན་ཕིང་གིས་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ།