༄༅།།གླིང་སྒྲུང་གི་རིག་གནས་ཀྱི་ཁྱབ་ཁོངས།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-02


དཔྱད་རྩོམ་འདིའི་བརྗོད་དོན་གཙོ་བོར་ནི་ཧོར་གླིང་བར་གྱི་མི་སྣའི་བསམ་བློའི་མཛེས་སྡུག་ལས་བསྐྲུན་པའི་ཆོས་ལུགས་ཀྱི་་ལྟ་གྲུབ་གཙོ་བོར་བརྗོད་བྱར་བྱས་པའི་དཔའ་བོའི་སྙིང་སྟོབས་མཚོན་པ་དང་།   ཧོར་གླིང་བར་གྱི་འགལ་བ་ཛཿདྲག་ཏུ་ཕྱིན་པའི་དམིགས་ཡུལ་དང་རྒྱུ་རྐྱེན་བྱེད་ལས་སོགས་ཆགས་སྡང་གིས་བསྐྲུན་པའི་སྒྱུ་རྩལ་གྱི་རིན་ཐང་ལ་ཀློག་པ་པོའི་རྒྱུད་ལ་ཐུན་མིན་མངོན་ཞེན་གྱི་ཚོར་སྣང་ལ་མྱོང་རོལ་ཇི་ལྟར་ཐེབས་པའི་སྐོར་དང་།   སྒྲུང་བརྩོམ་འདིས་མིའི་བསམ་བློའི་སྤོབས་པའི་གདེང་ཚད་ལ་བྱེད་ལས་ཀྱི་སྒོ་ནས་ཡིད་ཀྱི་འགྱུར་བ་ཇི་ལྟར་ཐེབས་པའི་སྐོར། ལྟ་བ་ཕྱོགས་ཡངས་ལ་རྟོགས་པ་ཀློངརྡོལ་གྱི་ལས་ཅན་སྐལ་ལྡན་གྱི་གང་ཟག་རྣམས་ལ་སྲིད་པའི་རྩ་བ་གཅོད་པར་བྱེད་པའི་རྒྱུ་མ་ནོར་བར་ཡིད་བཞིན་གྱི་ནོར་བུ་ལས་རིན་ཐང་ཆེ་བའི་དོན་གྱི་སྙིང་པོ་ལག་ཏུ་སོན་པའི་ཡོན་ཏན་གྱི་ཆ་དང་།   རིས་ཆད་ཀྱི་ལྟ་བས་ཕྱོགས་སུ་ལྷུང་ཞིང་ཐེ་ཚོམ་གྱི་གཞི་གྱུར་པའི་གྲུབ་མཐའི་ཆགས་སྡང་གི་ཀུན་ནས་སློང་སྟེ་རྨོངས་པས་བསླུས་ཤིང་ལོག་ལྟ་རྒྱུད་ལ་སྐྱེས་པའི་གང་ཟག་སྐལ་དམན་གྱི་རིགས་ལ་ཆགས་སྡང་གི་མནར་སེམས་སྐྱེས་ནས་ལས་ངན་བསགས་ཏེ་ཐར་པའི་འཇུག་སྒོ་འགག་པ།   ཆོས་དང་གང་ཟག་ཐ་དད་དུ་སོང་ནས་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་ལས་གོལ་ཏེ་གཏི་མུག་གི་མུན་པ་སྟུག་པོའི་ཁྲོད་དུ་བྱིང་ནས་རྒྱུ་འབྲས་ལ་བག་ཟོན་མེད་པའི་བདག་འཛིན་གྱི་རྟོག་པས་ཁོག་པར་དཀྲུག་སྟེ་ཆགས་སྡང་རྨོངས་གསུམ་ལ་འཛེམ་དོགས་མེད་པར་ལོངས་སུ་སྤྱོད་པའི་སྐྱོན་གྱི་ཆ་སོགས་དཔྱད་བརྗོད་བྱས་ཡོད་ལ།    མི་སྣའི་བར་གྱི་ཆོས་ལུགས་ཀྱི་ལྟ་བའི་ཁྱད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཀླུ་གཉན་གསུམ་གྱིས་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་སྟོང་གྲོགས་དང་མགོན་སྐྱོབ་སོགས་ཇི་ལྟར་བྱས་པའི་སྐོར།   གླིང་གི་དཔལ་ཐུལ་དང་ཧོར་གྱི་ཤན་པ་གཉིས་ཀྱི་མིང་དོན་གྱི་དབྱེ་ཞིབ་དང་ཁྱད་པར་འབྱེད་པའི་གདགས་གཞི་གང་ལ་བརྟེན་ནས་བྱུང་བ་དང་།  ཧོར་གླིང་གཉིས་ཀྱི་མི་སྣ་དང་ས་གནས་ལ་དབང་བསྒྱུར་བྱས་པའི་དུས་ཀྱི་གནས་བབ་དང་བསྟུན་པའི་ལོ་རྒྱུས་ཀྱི་བྱུང་རིམ་རྣམས་གཞི་གང་ལ་འཛིན་ནས་གཏན་ཁེལ་བྱེད་དགོས་པའི་སྐོར་དང་།   སྐབས་དེར་དཔའ་བོའི་སྟངས་སྟོབས་ཐལ་ཆེ་བའི་བཤད་སྟངས་རྣམས་དེང་དུས་ཡིད་ཆེས་ཡོད་མེད་ཇི་ལྟར་ཚོད་འཛིན་དང་ར་སྤྲོད་བྱེད་དགོས་པའི་སྐོར།   ཐུན་མོང་མ་ཡིན་པའི་ནང་ཆོས་དང་འབྲེལ་བའི་རྫུལ་འཕྲུལ་དང་མངོན་ཤེས་ལུང་བསྟན་སོགས་ལ་ཡིད་ཆེས་ཡོད་མེད་རིགས་གཞུང་གང་ལ་ཕུགས་བཅོལ་ནས་ལུང་རིགས་གཉིས་ཀྱི་སྒྲུབ་བྱེད་ཡང་དག་གིས་གཏན་ལ་ཇི་ལྟར་དབབ་དགོས་པ་སོགས་དང་།   སྒྲུང་རྩོམ་ཡིན་ན་དངོས་ཡོད་གནས་ཚུལ་དང་དོན་མཐུན་རྩོམ་ཆོས་ཡིན་མིན་རྒྱུ་མཚན་གང་ལ་བརྟེན་ནས་བདེན་དཔང་བྱེད་དགོས་པའི་སྐོར་དང་།   སྤྱིར་གླིང་སྒྲུང་གང་འདྲ་ཞིག་ཡིན་རུང་རྩོམ་པ་པོ་དེ་ལ་ངེས་པར་དུ་སློབ་སྦྱོང་གི་རིམ་པ་སྔོན་དུ་རྒྱུད་པའི་རིག་རྩལ་གྱི་ནུས་པ་འདོན་སྤེལ་བྱས་ནས་བརྩམས་པའི་བསྟན་བཅོས་ཤིག་ཡིན་མིན་མཐའ་གཅིག་ཏུ་གསལ་བཤད་བྱེད་ཐུབ་མིན་སྐོར་དང་།  གནའ་དེང་གླིང་སྒྲུང་རྩོམ་པ་པོའི་ངོས་ནས་རྩོམ་སྟངས་ཀྱི་རིགས་ཇི་ལྟར་དགར་དགོས་པ་དང་།   རྒྱལ་བའི་བསྟན་པ་དང་གདུལ་བྱ་སེམས་ཅན་གྱི་དོན་དུ་ཤི་གསོན་གྱི་ཁྲག་གིས་འཁོར་ལོ་བསྐོར་བའི་གཡུལ་འགྱེད་བྱེད་པ་དེ་དགེ་བའི་ལས་ལམ་དུ་འགྱུར་མིན་ཡིད་ཆེས་གང་ལ་བརྟེན་ནས་རྙེད་པ་འགྱུར་བའི་སྐོར་དང་།    རྩོམ་པ་པོའི་རིག་པའི་རྩལ་ལས་མི་སྣ་ཕན་ཚུན་གཏམ་བཤད་དང་གླུ་ལེན་གྱི་བར་ལ་ཀློག་པ་པོའི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་ཅིང་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་རང་བཞིན་དང་རིག་གནས་ཀྱི་རྒྱབ་ལྗོངས་ཇི་ལྟར་མཐོང་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་སོགས།  མདོར་ན་དེང་དུས་འཛམ་བུ་གླིང་གི་མཁས་བླུན་ཡོངས་ཀྱི་ཡིད་ལ་དགའ་མགུ་ཡི་རངས་ཐོབ་པར་བྱེད་པའི་ཧོར་གླིང་གཡུལ་འབྱེད་ཀྱི་སྒྲུང་རྩོམ་ངོ་མཚར་རྨད་དུ་བྱུང་བ་འདིས་ཤུགས་ཅན་ཐེབས་པའི་བོད་ཀྱི་དམངས་ཁྲོད་རྩོམ་སྒྲུང་ཆོས་ལུགས་དང་ལོ་རྒྱུས་རིག་གནས་སྒྱུ་རྩལ་སོགས་བརྗོད་སྙིང་རྣམས་རྟོག་གི་འཆར་ཡན་ལས་དཔྱད་བསྡུར་བྱས་ཏེ་དཀྱུས་གཅིག་ཏུ་མིང་ཚིག་ཡི་གེའི་གཟུགས་སུ་ཕབ་ནས་བཀོད་པ་ལགས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1