འདིར་སྨྲས་པ། སྙིགས་མའི་དུས་འདིར་སྙིགས་མའི་ངང་ཚུལ་ཅན།། སྙིགས་མའི་ལམ་ལ་ཀུན་ནས་གཞོལ་གྱུར་པ།། དེ་དག་རྣམས་ཀྱི་བསམ་དང་སྤྱོད་པའི་ཚུལ།། སྙིགས་མར་གྱུར་པའི་ཚུལ་ཡང་འདི་ལྟར་སྣང་།། བདག་བདེ་གཞན་ཡང་བདེ་བར་འདོད་བཞིན་དུ།། བདེ་བའི་འབྱུང་གནས་བདེ་བར་གཤེགས་པ་ཡི།། གསུང་གི་མཛོད་ལ་བློ་གྲོས་མི་འཇུག་པ།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། དལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིང་།། དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་བཞིན་དུ།། དོན་ཆེན་མི་བསྒྲུབ་ཕྱི་མར་སྨོན་འདེབས་པ།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། བདེ་མཆོག་བདེ་བླག་ཐོབ་བྱེད་བླ་མ་ལ།། སྐྱབས་སུ་སོང་ནས་ཉེ་བར་བསྟེན་བཞིན་དུ།། འབད་ནས་དེ་གསུང་ལེགས་པར་མི་བསྒྲུབ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། གང་ཞིག་སེམས་ཀྱིས་བླ་མར་གསོལ་འདེབས་བཞིན།། ལུས་དང་ངག་གིས་བྱེ་བ་ཕྲག་བརྒྱ་ཡིས།། ཉེ་བར་སྟོན་པའི་ཐུགས་སུན་འབྱིན་པ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། བརྩེ་བས་གདམས་པའི་ཚིག་གི་ཉིང་ཁུ་གང་།། ཉེ་བར་བྱིན་པའི་ཚེ་ན་མི་འཐུང་ཞིང་།། གཞན་དུ་ཇི་ལྟར་བྱ་ཞེས་འདྲི་བ་གང་།། དེ་འདྲའི་ཚུལ་ཁོ་བོས་མཚར་དུ་བརྩི།། ཡོན་ཏན་རྒྱ་མཚོར་མཆོད་པར་མི་བརྩོན་ཞིང་།། རྐང་གཉིས་དབང་པོའི་གསུང་དོན་མི་གཉེར་བར། རང་ལ་ལེགས་པར་འབྱུང་བར་རེ་བ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། བློ་མཆོག་རྣམས་ཀྱི་རྗེས་སུ་མི་འཇུག་ཅིང་།། དམ་པའི་ངག་ལས་ངེས་པར་བརྒལ་བཞིན་དུ།། རང་གི་དོན་ཀུན་འགྲུབ་པར་རེ་བ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། དམ་པ་རྣམས་ལ་རྟག་ཏུ་འཛུར་ཞིང་འབྲོས།། སྐྱེ་བོ་དམན་པ་རྣམས་ལ་བག་ཕབ་ནས།། རང་གི་ཀུན་སྤྱོད་མཛེས་པར་རེ་བ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། ཟབ་དང་རྒྱ་ཆེ་ངག་ཚིག་བརླིང་པོ་ཅན།། བསྒོམ་བྱའི་དོན་ལ་བློ་གྲོས་མི་སྦྱོར་བར།། བསྒོམས་པ་ཙམ་གྱིས་གྲོལ་བར་རེ་བ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། བསྒྲུབ་པར་ནུས་བཞིན་དོན་ཆེན་མི་བསྒྲུབ་པར།། ཁོ་བོ་ལེ་ལོ་ཆེ་བས་མི་འགྲུབ་ཅེས།། སྐྱོན་ལ་ཡོན་ཏན་བཞིན་དུ་སྙེམས་པ་གང་།། དེ་འདྲའི་ཚུལ་ལ་ཁོ་བོས་མཚར་དུ་བརྩི།། སྐྱེ་བོ་ལོག་པར་སྲེད་པའི་སྲད་བུ་ཡིས།། རྣམ་པར་བཅིངས་པས་སྐྱེ་ངན་ལ་དགའ་བ།། དེ་དག་ཚུལ་བཞིན་སེམས་དཔའི་ཡིད་ལྡན་ཞིང་།། སྐྱེ་བོ་དམ་པའི་སྤྱོད་ལ་གཞོལ་གྱུར་ཅིག །འདི་ཡང་འདིར་སྨོས་སྤྱོད་ཚུལ་དང་ལྡན་པ།། དུ་མའི་ངང་ཚུལ་མཐོང་བས་དེ་བཟློག་ཕྱིར།། བློ་གྲོས་དམ་པའི་རྒྱལ་མཚན་དཔལ་འཛིན་པས།། མེ་སྦྲུལ་རྒྱལ་གྱི་ཟླ་བར་སྦྱར་བ་ཡིན།། །།