བེ་རིའི་ས་གནས་ནི། གནའ་བོའི་ཡོངས་གྲགས་ཀྱི་བེ་རིའི་ས་ཁུལ་དང་དེང་སང་ཡོངས་གྲགས་ཀྱི་བེ་རིའི་ས་ཁུལ་གཉིས་མི་འདྲ་ཡང༌། དེང་གི་ཡོངས་གྲགས་ཀྱི་མཁས་པ་དུ་མས་ས་ཁུལ་འདི་གཉིས་ཀྱི་ངོས་འཛིན་གསལ་པོ་མ་ཤེས་པར་དེ་གཉིས་གཅིག་ཏུ་འདྲེས་ཤིང་བསྲེས་པའི་རྩོམ་ཡིག་ཀྱང་དུ་མ་བྲིས་འདུག གནའ་བོའི་བེ་རི་ནི་སུམ་པ་རྒྱལ་ཁབ་གྱི་ཁོངས་སུ་གཏོགས་ཤིང༌། དེ་རྗེས་རིམ་བཞིན་སྔོན་གྱི་རྒན་པོའི་ཁ་རྒྱུན་དུ། དང་པོ་ཨ་གྲགས་བེ་རི་ནས་ཆད། བར་དུ་ཆབ་མདོ་བེ་རིར་ཆགས། མཐའ་མར་ཧོར་ཁོག་བེ་རིར་ཐོར་ཞེས་པའིསྡོམ་ཚིག་ལྟར། བེ་རི་འདི་ཉིད་དང་པོ་ཆད་ས་ནི་ཨ་གྲགས་ནས་ཡིན། དེང་སང་ཡང་ཨ་གྲགས་རྫ་མ་བེ་རི་གསུམ་ལ་ཨ་རྫ་བེ་གསུམ་ཞེས་པའི་བསྡུས་མིང་མ་ཉམས་པར་ཡོད། དེ་ཡང་ཁམས་ལ་སྟོད་སྨད་བར་གསུམ་དུ་ཕྱེས་པའི་བར་ཁམས་ཀྱི་ས་ཡི་ཆར་གླིང་ཞེས་ཟེར་སྲོལ་ཡོད་པ་དེ་ལ་གླིང་ཁྲི་གོང་འོག་བར་དུ་དབྱེ་བའི་གླིང་ཁྲི་འོག་མ། གླིང་ཁྲི་ཞེས་པ་ཡང་དམག་མི་ཁྲི་ཚོ་གསུམ་རེ་ལ་གླིང་ཁྲི་རེ་རྩི་བ་ཡིན་འདུག ས་ཁུལ་དེ་ཉིད་སྔོན་གྱི་བེ་རི་ཆགས་པའི་ས་གནས་ཡིན་ལ་དེང་སང་ས་གནས་འདི་ཆབ་མདོ་གྲོང་བརྡལ་གྱི་ཁོང་དུ་གཏོགས་པ་ཡིན།
དུས་རབས་བདུན་པའི་ནང་སུམ་པ་རྒྱལ་ཁབ་ལ་བུད་མེད་རྒྱལ་ཁབ་ཅེས་ཀྱང་གྲགས་ཚུལ་དང༌། དེ་ཡང་སུམ་པའི་བུད་མེད་ཚོས་སྲིད་ཀྱི་བྱ་བ་གཙོ་བོ་བྱེད་པ་དང་ཁྱོ་བོ་ཚོས་ནང་གི་བྱ་བ་གཙོ་བོར་གཉེར་བའི་རྒྱུ་མཚན་ལ་བརྟེན་ནས་དེ་ལྟར་བཏགས་པར་ཟད།༨༥ སྲོང་བཙན་གྱིས་དམག་ཤུགས་ལ་བརྟཻན་རྒྱལ་ཕྲན་འདི་ཉིད་གཏོར་ཕམ་བཏང་ནས་བོད་ཆེན་པོའི་མངའ་ཁོངས་སུ་བསྡུས་པ་ནས་རིམ་པར་བཞིན་གཅིག་གྱུར་གྱི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཁོངས་སུ་ཚུད་པ་བཤད་མ་དགོས་ཀྱང༌། དེ་དག་གི་ལོ་རྒྱུས་ཞིབ་ཕྲ་འབུར་དུ་འཐོན་པ་ཞིག་ད་ཕན་མཐོང་ཐོས་མ་བྱུང༌། དུས་རབས་བཅུ་གཅིག་པའི་ནང་མདོ་ཁམས་ཁུལ་དུ་གླིང་སྡེ་ཕན་ཚུན་ནང་ཁུལ་རྒྱལ་སའི་ཐོབ་ཐང་ལ་རྩོད་པའི་དུས་ཟིངས་སྐབས་ས་གནས་འདིའི་རྒྱལ་པོ་ལྡོང་བེ་རི་ཉི་མ་རྒྱལ་མཚན་ཡིན་པའི་ལོ་རྒྱུས་གླིང་སྒྲུང་དུ་གསལ་བ་ལྟར་ཅིས་ཀྱང་བདེན་ངེས་སྙམ། དེ་ནས་རིམ་པར་བཞིན་བེ་རི་རྒྱལ་རྒྱུད་བར་མ་ཆད་དུ་བྱུང་སྟེ། སིལ་བུར་ཐོར་བའི་བོད་ཀྱི་རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པའི་ནང་ནས་སྟོབས་ཆེ་ཤོས་དང་དཔུང་བཙན་ཤོས་དེ་ཡིན་པ་མ་ཟད། སྐབས་དེར་འཛམ་གླིང་ཧྲིལ་པོ་འདིའི་ཐོག་སྟོབས་ཤུགས་ཀྱི་འགྲན་ཟླ་མེད་པ་ཆེན་པོ་ཧོར་གྱི་རྒྱལ་ཁབ་དང་ཡང་བཟང་ཕྱོགས་ཀྱི་འབྲེལ་བ་ཟབ་པོ་བྱུང་ཡོད་པར་ངེས་ཏེ། ས་པཎ་གྱི་སྤྲིངས་ཡིག་ཏུ་བེ་རི་འཁྲིད་ནས་ཧོར་ལ་ངོ་བལྟས་བྱས་པས་མངའ་རིས་དང་དབུས་གཙང་རྣམས་ངོ་བལྟས་ཚུལ་འཁོད་འདུག་པ་ལས་ཤེས་ནུས་པ་ཞིག་ཡིན།༨༦ སྤྱི་ལོ༡༢༤༤ཡོན་གྱིས་བོད་དབང་བསྒྱུར་བྱས་པའི་སྐབས་ས་གནས་དཔོན་ཁག་ཆེ་གྲས་ཞིག་གི་གོ་གནས་སྤྲད་ཚུལ་ལོ་རྒྱུས་ཡིག་ཆ་གསར་པ་ཞིག་ཏུ་མཐོང་བར་རིགས་པས་དཔྱད་ན་བདེན་པར་གོ་ངེས་སྙམ། ཡོན་གྱིས་བོད་ལ་དབང་བསྒྱུར་བྱས་པ་ནས་བེ་རི་མི་རྒྱུད་ལ་ས་འགོའི་གོ་གནས་ཡོད་པས་རྒྱལ་པོ་འདིར་བེ་རི་ས་འགོ་དོན་གྲུབ་རྡོ་རྗེ་ཞེས་པ་ལྷ་ལྡོང་བེ་རི་རྒྱལ་པོའི་ལོ་རྒྱུས་ནང་འཁོད་འདུག་པས་ཁུངས་གང་དུ་ཡོད་པ་འཚོལ་དགོས།༨༧ དེ་ནས་རིམ་པར་བཞིན་བརྒྱུད་དེ་དུས་རབས་བཅུ་བདུན་པའི་དུས་མགོར་བེ་རི་ཀླུ་བཙན་དང༌། བེ་རི་ཨ་འཕེལ་རྒྱལ། བེ་རི་དོན་ཡོད་རྒྱལ་བཅས་ཀྱི་རིང་མངའ་ཐང་ཆེས་ཆེར་རྒྱས་པ་བྱུང༌། ༨༨
དུས་རབས་བཅུ་དྲུག་པའི་དུས་མགོར་བེ་རི་སྡེ་བ་གཉིས་སུ་གྱེར་སྣང་སྟེ། བེ་རི་སྟོད་མའམ་གླིང་དང༌། བེ་རི་སྨད་མའམ་མདོ་བ་གཉིས་བྱུང་འདུག་པས་སོ། དེ་ཡང་བེ་རི་སྟོད་པའི་རྒྱལ་རྒྱུད་ཁྲོད་སྐད་གྲགས་ཆེ་ཤོས་ནི། བེ་རི་ཉ་མཚོ་དགེ་རྒྱལ་ཡིན། བེ་རི་སྨད་མའི་རྒྱལ་རྒྱུད་ཁྲོད་ནས་སྙན་གྲགས་ཆེ་ཤོས་ནི། བེ་རི་དོན་ཡོད་རྒྱལ་ཡིན།
བེ་རི་སྟོད་མའི་རྒྱལ་རྒྱུད་ཀྱི་རིགས་དང་རིས་ནི། ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་ལས་ཆད་དེ། དེ་དག་གི་མི་རྒྱུད་རིམ་པར་བྱུང་ཚུལ་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་རང་གི་ཕ་རིགས་དེད་ནས། རང་རྣམ་དུ་བྲིས་འདུག་པས་དེར་གཟིགས་དགོས།༨༩ བེ་རི་སྟོད་མ་རྣམས་དུས་ཕྱིས་རིམ་པར་བཞིན་ཁ་གྲམ་སྟེ་མཐར་ནང་ཆེན་ཉེར་ལྔའི་༩༠ནང་ཐིམ་པའི་གཉིས་པ་དགེ་རྒྱལ་བེ་ཧུ་དང༌། བཞི་པ་རག་ཤུལ་བེ་ཧུ། བཅོ་ལྔ་པ་དགེ་རྒྱལ་སྟོད་མ་བེ་ཧུ། བཅུ་དྲུག་པ་བར་མ་བེ་ཧུ། བཅོ་བརྒྱད་པ་བེ་རི་ཆུང་ཤུལ་བེ་ཧུ། བཅུ་དགུ་པ་ཡུལ་ཤུ་བེ་ཧུ་ཅང༌། བཅས་དྲུག་པོ་འདི་དག་བེ་རི་དགེ་རྒྱས་ལས་མཆེད་པ་ཡིན་ནོ། །
བེ་རི་སྨད་མ་བུ་རྒྱལ་གྱིས་སྤྱི་ལོ་༡༦༡༨ནས་ལྡན་ཁོག་དང་ཆོས་འཁོར་སོགས་དེང་སང་གི་སྡེ་དགེ་དང་གླིང་ཚང༌། ལྡན་མ་བཅས་ལ་དབང་བསྒྱུར་རིམ་པར་བཞིན་བྱས། ལྕགས་སྤྲེལ་༡༦༢༠ལོར་སྨར་ཁམས་ལ་དཔུང་འཇུག་དང་དབང་བསྒྱུར་བྱས། ལོ་དེར་ཆབ་མདོ་ཁུལ་དུ་བསྐྱར་ཞིབ་ནན་པོས་དབང་བསྒྱུར་བྱས། མེ་སྟག་༼༡༦༢༦༽ལོར་སྒ་སྟོད་ལ་དཔུང་འཇུག་བྱས་ཚུལ་ཁམས་འབྲུག་རྣམ་ཐར་༡༩༩ལས་༩༡གསུངས། ལོ་དེར་ནང་ཆེན་ལ་དཔུང་འཇུག་བྱས་མཐར་ཁ་མཆུ་བྱས། དེའི་བར་འཆིང་དུ་ཁམས་སྤྲུལ་གདན་དྲངས་ནས་འདུམ་པར་མཛདཚུལ་ཁམས་སྤྲུལ་རྣམ་ཐར་ལས་གསུངས།༩༢ སྤྱི་ལོ་༼༡༦༣༡༽ལོར་འཇང་ལ་དཔུང་འཇུག་བྱས། དེ་ཡང་སྤྱི་ལོ་༡༦༣༠ནས་ཡིན་པ་ཁམས་འབྲུག་རྣམ་ཐར་ལས་གསུངས།༩༣ཆུ་བྱ་༼༡༦༣༣༽བོད་ཟླ་བརྒྱད་པའི་ཚེས་དྲུག་ཉིན་བེ་རིའི་དཔུང་ཆེན་རི་བོ་ཆེ་ལ་བཏོད། མཁར་འབེབས་མདོར་དམག་འཁྲུག་ཐེངས་དང་བོ་དེ་བརྒྱབ་ཚུལ་ཁམས་འབྲུག་རྣམ་ཐར་ལས་གསུངས།༩༤བེ་རིས་རི་བོ་ཆེ་ལ་དཔུང་འཇུག་ཐེངས་གཉིས་པ་དེ་སྤྱི་ལོ་༡༦༣༧ལོར་བྱས་འདུག༩༥ ཕྱི་ལོ་༡༧༣༦ལོར་བེ་རི་དང་སོག་རྟ་ཁྲ་ཅན་གྱི་དམག་འཁྲུགས་ལངས། ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཁ་སྐོང་༡༤༡༡སོགས་ལ་བརྟེན་ནས་སྐབས་དེར་བེ་རིའི་སྟོབས་འབྱོར་དང་མངའ་ཐང་བཙན་དྲག་ཅི་འདྲ་ཞིག་ཡོད་པར་ཤེས་ཐུབ་པ་ཞིག་ཡིན།༩༦མདོར་ན་སྐབས་དེར་བེ་རི་རྒྱལ་པོ་ཨ་འཕེན་དང་ཀླུ་བཙན་གཉིས་ཀྱིས་མགོ་འཛུགས་བྱས་པ་ནས་བེ་རི་བུ་རྒྱལ་ལམ་དོན་ཡོད་རྒྱལ་གྱིས་མཇུག་མནན་ཏེ་ཁམས་རིགས་བཟི་གསུམ་བཅུ་གཉིས་ལ་ལུང་རྒྱུགས་པའི་ལོ་རྒྱུས་ཤིན་ཏུ་རིང༌།
ཆོས་ཕྱོགས་ནས་བྲག་གཡབ་དཀའ་བཅུ་གྲགས་པ་རྒྱ་མཚོ་དང༌།༩༧ ཆབ་མདོ་འཕགས་པ་ལྷ་དང་དེ་མོ་སྤྲུལ་སྐུ།༩༨ རྟ་ཚག་རྗེ་དྲུང་སོགས་གདན་དྲངས་ནས་འབུལ་བ་བཏོས་ཆེར་ཕུལ་ཞིང་དབང་ལུང་མན་ངག་ཞུས་པ་དང༌། ཆབ་མདོ་དགོན་པར་མཆོད་འབུལ་ཐེངས་མང་བྱས་ཚུལ་ཞལ་སྔ་བཀའ་རྒྱུད་ཀྱི་ཆོས་འབྱུང་དུ་གསལ། བོན་གྱི་བསྟན་པའི་སྦྱིན་བདག་རླབས་ཆེར་བྱས་ཚུལ་གཤེན་རབ་བོན་གྱི་བསྟན་འབྱུང་དུ་གསལ།༩༩ ཆབ་སྲིད་ཐོག་ནས་སྐབས་དེར་དབུས་གཙང་ཁུལ་ལ་དབང་བསྒྱུར་གནང་མཁན་གླིང་གེ་སར་རྒྱལ་པོའི་རྣམ་འཕྲུལ་དུ་གྲགས་པ་གཙང་པ་རྒྱལ་པོ་ཀརྨ་བསྟན་སྲུང་དབང་པོས་སྡེ་སྲིད་ཕག་མོ་གྲུ་པའི་སྐབས་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གྱི་ནང་ནས་རང་ས་བསྟན་སྲུང་ཆེད་ཕྱོགས་མཐའ་ཁག་ནས་ཞི་དྲག་གི་བཙན་འཛུལ་ལ་འགོག་རྒོལ་ནན་པོ་བྱེད་པའི་ཆེད་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་ལ་རྩ་འཛིན་དམ་པོ་བྱས་ནས་རྒྱལ་པོ་འདིས་དངོས་སུ་ལག་བསྟར་གྱིས་བྱས་རྗེས་ལ་བརྟེན་ནས་གཙང་པ་རྒྱལ་པོ་དང་ཆབ་སྲིད་ཀྱི་གྲོགས་པོ་ནང་ཚགས་ཆགས་ཤིང༌། ཆོས་ལུགས་ཀྱི་རུ་དར་འཕྱར་ནས་ཆབ་སྲིད་ཀྱི་ཕུག་ནོར་རྐུན་མཁན་ཁྱིམ་མཚེས་ཁག་དང༌། གཞིས་ཀ་དང་བླ་བྲང་གི་ཆེད་དུ་དགྲ་སྣ་ཟས་འཁྲིད་བྱེད་མཁན་དག་ལ་མགོ་བོ་མི་སྒུར་བར་རྒྱལ་སྲུང་དགྲ་འཐབ་ཀྱི་ལམ་ནས་བོད་ས་བརྟན་སྲུང་དང་སྒོས་སུ་རང་ས་རྒྱ་བསྐྱེད་གང་འཚམས་བྱས་འདུག
སོག་པོ་གོ་ཤྲིའི་དཔུང་ཚོགས། དེ་སྔོན་སོག་ཡུལ་དུ་ཇག་པ་ཐེངས་མང་བརྒྱབ་རྐྱེན་སྡོད་བཟོད་མ་བདེ་ནས་མཚོ་སྔོན་པོ་ཆབ་ཆར་བྲོས་བྱོལ་གཏན་ཆགས་བྱས་པའི་སོག་དམག་ཁག་གཅིག་ཁམས་ཀྱི་ས་ཁུལ་རིམ་པར་བརྒལ་ནས་བྱུང་བར་སྣེ་མཚམས་སུ་འཁེལ་བའི་ནང་ཆེན་དང་གླིང་ཚང༌། སྡེ་དགེ་སོགས་ཀྱིས་མགོ་འབུལ་བྱས་པར་མ་ཟད། སོག་དམག་དང་སྡེབ་ལངས་ཀྱིས་རུ་སྣེ་བེ་རི་ལ་གཏད། སྐབས་དེར་བེ་རི་རྒྱལ་པོའི་དབུ་བླ་སྨན་རིའི་མཁན་རབས་ཉེར་གསུམ་པསྒོ་བསྟན་ཉི་མ་བསྟན་འཛིན་དབང་པོས་སོག་པོ་ལ་གཡུལ་ཀྱེད་པ་ལས་མགོ་བཏགས་ན་དགའ་ཚུལ་གསུངས་ཀྱང་མ་གསན་པར་བོན་བླ་སྣང་ཞིག་གི་ཞལ་ལ་གསན་ནས།༡༠༠ སྤྱི་ལོ་༡༦༣༨ ལོ་མཇུག་ཏུ་དམག་བྱས་ཏེ་ལོ་གཅིག་ལྷག་རིང་བརྟན་ཀྱང༌། ནང་ཁུལ་བེ་སྡེ་དང་ས་འདྲེས་ཁག་གིས་རྒྱུས་ཡོད་ལམ་སྟོན་རིམ་པར་བྱས་པ་དང༌། ལྷག་དོན་བེ་རི་གཉེར་རྒོད་མ་བུ་རྒྱལ་དང་མ་མཐུན་ནས་དབུས་སུ་བྲོས་ཏེ་ཕྱག་མཛོད་རྒྱ་ལེ་ལ་མགོ་བཏགས་ཞུས་རྗེས། ཕྱིར་བེ་རིར་འཛུལ་ནས་སོག་དམག་གི་རུ་སྣེ་ཁྲིད་པ་ལ་བརྟེན་ནས།༡༠༡ མཐར་བེ་དམག་ཕམ་ནས་རྒྱལ་པོ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་དང༌། མངའ་འབངས་སྡེ་རིས་དང་བཅས་སོག་འོག་ཏུ་ཤོར། འབྲུག་པ་གཉེར་རྒོད་མས་སོག་དཔུང་དང་མཉམ་དུ་བེ་རི་ལ་དཔུང་འཇུག་བྱེད་པའི་གྲས་སུ་འཛུལ་པ་དང༌། དེ་སྔོན་རང་ལ་འབྲེལ་བ་ཡོད་པའི་བེ་རི་བ་མང་པོ་ངན་ཇུས་ཀྱིས་བསླུ་བྲིད་བྱས་ཏེ་བེ་རི་རྒྱལ་པོ་ལ་དམག་གི་ཇུས་ངན་བཤོམ་བ་དང༌། བེ་རི་རྒྱལ་པོའི་མངའ་འབངས་མང་ཆེ་བ་འབྲོག་སྡེ་ཡིན་པས་འབྲོག་ས་གབ་སྟབས་བདེ་བར་བསམ་ནས་བེ་བློན་རི་ཤོད་རྒྱ་ཚོགས་དཔོན་གྱི་རུ་བར་བྲོས་ནས་གབ་ཡིབས་བྱས་ཀྱང༌། རྒྱལ་ཚོགས་དཔོན་གྱིས་གཉེར་རྒོད་མར་ངོ་བལྟས་ཏེ་རྩིས་སྤྲོད་བྱས་རྐྱེན་བེ་རི་རྒྱལ་པོ་བཙན་བཟུང་གིས་ཆབ་མདོར་འཁྲིད་རྗེས་ཁྲིམས་མོན་དུ་བཅུག་ནས་བཀྲོངས།༡༠༢
དེ་སྔོན་བེ་རི་བུ་རྒྱལ་གྱིས་སྡེ་ཤོག་ཕན་ཚུན་དམག་འཐབ་སྐབས་དགོན་སྡེ་ཁག་གི་གྲྭ་བླ་ཡང་ཞུགས་པའི་རྐྱེན་ལས་བེ་རི་རྒྱལ་པོས་སྨར་ཁམས་ཀླུ་ར་དགོན་དང་ཆབ་མདོ་བྱམས་པ་གླིང༌། ལི་ཐང་དགོན་ཆེ་སོགས་ཆོས་སྡེ་དུ་མ་གཏོར་བཤིགས་དང༌། གྲ་བླ་མང་པོ་བཙོན་འཇུག་བྱས་པ་ལ་བརྟེན་ནས་ཁྱིམ་མཚེས་ཡུལ་སྡེ་མང་པོས་འཁོན་འཛིན་བྱས་རྐྱེན་སོག་དམག་དང་གཡུལ་འཐབ་སྐབས་མེ་ཐོག་ཤིང་བསྣན་གྱི་འགལ་རྐྱེན་སྣོན་མ་ཐེབས་པ་བཅས་ལ་བརྟེན་ནས་བར་ཁམས་བེ་རི་རྒྱལ་པོའི་སྟོབས་འབྱོར་མངའ་ཐང་གི་མཇུག་ཡོངས་སུ་རྫོགས་པ་ལ་མེ་ཐོག་ཤིང་བསྣན་ཏུ་གྱུར་འདུག༡༠༣ བེ་རི་བུ་རྒྱལ་གྱི་སྲས་བེ་རི་སྨད་མ་མི་ཐོགས་ལྔ་པ། བེ་རི་དོན་འགྲུབ་ནོར་བུ་དང༌། གཡུང་དྲུང་སྟོབས་རྒྱལ། དོན་ཡོད་སྲས་མོ་ཆེན་ཆུན་བཅས་ཡིན་ལ། སོག་དམག་གིས་བེ་རི་ཇུས་ཉེས་བཏང་རྗེས། སྲས་མོ་ཆེ་ཆུང་གཉིས་ལས་ཆབ་མདོ་བེ་རི་དང༌། བེ་རི་དོན་འགྲུབ་ནོར་བུ་ལས་ཏྲེ་བོ་བེ་རི། སྲས་གཡུང་དྲུང་སྟོབས་རྒྱལ་ལས་ལི་ཐང་བེ་རི་བཅས་ཆད།༡༠༤
སྲས་མོ་གཉིས་ལས་ཆབ་མདོ་བེ་རི་རྒྱུད་པ་བྱུང༌། དེའི་དཔོན་རྒྱུད་ད་ལྟར་ཆབ་མདོ་ཨ་ཕོ་དགའ་དགའ་ཞེས་པ་འདི་ཉིད་ཡིན་ཚུལ་གྲགས། ཆབ་མདོའི་ཡིག་ཚང་ཕྱོགས་སྒྲིག་དེབ་དང་པོ་༡༨༡ལས།༡༠༥ ཕྱིའི་རྫོང་ཁག་ལྔའི་ས་སྡེ་བཤད་པའི་སྐབས། "ཆབ་མདོའི་ཤར་ཕྱོགས་སུ་བེ་རིའི་རྫོང་འོག་འབྲོག་སྡེ་དུད་ཁྱིམ་༧༠༠སྐོར་ཡོད་པ་འབྲོག་ལས་ཁེ་གཙང་ཡིན། ཐང་དང་སྤང་ལྗོངས་ས་རྒྱ་ཆེ། སྔོན་གྱི་ལོ་རྒྱུས་ནི། བོད་བྱང་སྟོད་ཨ་གྲགས་བེ་རི་དང༌། ཆབ་མདོ་བེ་རི། ཏྲེ་ཧོ་མ་ཟུར་བེ་རི་གསུམ་སྡེ་ཚོ་དང་རུས་ཚོ་གཅིག་ནས་མཆེད་པར་གྲགས། ས་སྣེ་སྡེ་དགེ་དང༌། གོ་འཇོ། ལྷ་ཐོག བྲག་གཡབ་བཅས་དང་འབྲེལ་ཡོད་པས་ཇག་སྡང་ཆེསྟབས་ཁྱིམ་ཚང་ཕལ་ཆེ་བར་ཇག་རྐུན་འགོག་སྲུང་ཆེད་རྟ་དང་བོག་ལེགས་པོ་ཡོད།"ཅེས་གསལ།
ཏྲེ་བོ་བེ་རིའི་རྒྱལ་རྒྱུད་བེ་རི་དོན་འགྲུབ་ནོར་བུ་ནི། ཁམས་རོང་པ་ཚའི་ལོ་རྒྱུས་༦༧ལས་བཤད་པ་ལྟར་ན། བེ་རི་སོག་ཇག་གིས་གཏོར་ཕམ་གཏོང་རྗེས་བེ་རིའི་གདུང་རྒྱུད་འདི་བས་བྲོས་བྱོལ་བའི་ཁྱིམ་མི་ལྷག་མ་འགའ་ཞིག་ཁྲིད་ནས་འོང༌། མཚོ་ཁའི་རྒྱལ་པོའི་ལུང་གིས་ཏྲེ་བོ་ཧོར་ཚང་གི་ཁུལ་དུ་ཆགས་སུ་བཅུག ཏྲེ་བོ་ཧོར་ཚང་ཁུལ་དུ་ཐོག་མར་ཡོང་མཁན་གྱི་མགོ་འཛིན་བེ་རི་དོན་འགྲུབ་ནོར་བུ་ཡིན་མིན་མི་ཤེས་ཀྱང༌། ཆབ་མདོ་བེ་རི་ནས་ཏྲེ་བོ་བེ་རི་ཆད་པའི་ལོ་རྒྱུས་ནི་བསུབ་ཐབས་མེད་པ་ཞིག་ཡིན། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཧོར་ཁོག་ལོ་རྒྱུས་ལས་༡༠༦ཀྱང༌། ཏྲེ་བོ་ཧོར་ཚང་བེ་རི་ནི་ཆབ་མདོ་བེ་རི་ནས་ཆད་ཚུལ་གསལ་བ་བྲིས་འདུག
བེ་རིའི་སྐོར་ཤེས་པར་འདོད་ན། བེ་རི་སྟོད་སྨད་གཉིས་ཀ་དང་འབྲེལ་ཆེ་ཞིང་ཕན་ཚུན་མཇལ་འཕྲོད་དང་གསུང་གླེང་ཡང་ཡང་གནང་མྱོང་པའི་ཁམས་སྤྲུལ་ཀརྨ་བསྟན་འཕེལ་༡༠༧དང༌། བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་དང་པོ་དཀའ་བཅུ་གྲགས་རྒྱ་མཚན༡༠༨། ཆབ་མདོ་ཞལ་སྔ་ཡབ་སྲས༡༠༩། མཁས་གྲུབ་ཆགས་མེད་དམ་ར་གཱ་ཨ་སེ་༡༡༠བཅས་དང༌། ལོ་རྒྱུས་དེ་དག་ལ་ཆ་རྒྱུས་ཡོད་མཁན་བྲག་གཡབ་ཆུང་ཚང་སངས་རྒྱས་བཀྲ་ཤིས༡༡༡། སྡེ་དགེ་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན༡༡༢། སྨན་རི་མཁན་པོ་ཉི་མ་བསྟན་འཛིན༡༡༣། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་༡༡༤བཅས་ཀྱིས་བྲིས་པའི་གསུང་འབུམ་དང་ཆབ་ཤོག ལོ་རྒྱུས་ཁག་ལ་གཟིགས་ན་བེ་རིའི་སྐོར་མ་མཐར་ཡང་ཅུང་ཟད་ཤེས་ངེས་མོད། དེ་ལྟའང་དེ་སྔོན་བེ་རིའི་ལོ་རྒྱུས་འབྲི་མཁན་ཆབ་མདོ་བློ་བཟང་ཤེས་རབ་༡༡༥ལས་གཞན་ཕལ་བོ་ཆེས་དེ་དག་གིས་མཛད་པའི་ཡིག་ཆ་ཕར་ཟད་ཡིག་ཆ་དེ་དང་དེའི་ཁ་བྱང་ཙམ་ཡང་ཐོས་མྱོང་མེད་པར་ངེས།
བེ་རི་ལ་མཚོ་ཁ་རྒྱལ་པོའི་ལུང་གིས་ཏྲེ་བོ་ཧོར་ཚང་དུ་གཏན་ཆགས་བྱུང་བ་ན། སྐབས་དེར་ཧོར་ནམ་མཁའ་རྒྱལ་མཚན་གྱི་བུ་རབས་ཚ་རྒྱུད་ཚོས་རྫ་སྟོད་ག་ཡུས་མགོ་ནས་སྨད་བྲག་མགོ་ཤིང་ཁོག་བར། མགོ་ལོག་ལྕགས་མོ་ཚང་ཚུན་ཆད་ནས་རྟའུ་ན་ཁྲོད་སུམ་མདོ་བར་ལུང་རྒྱུག་པའི་སྐབས་ཡིན། འདིའི་མ་མི་གཅིག་པའི་བུ་དྲུག་ལས་ཆུང་བ་གསུམ་རབ་བྱུང་དང་ཆེ་བ་གསུམ་གྱིས་སྲིད་བཟུང་བའི་དང་པོ་བཙུན་མོ་རྒན་པའི་བུ་ཆེ་བ་མ་ཟུར་དབང་ལུས་གསེས་མཁར་ཆུ་ཉིན་སྲིབ་ཀྱི་ས་རྣམས་སྦྱིན། བཙུན་མོ་འབྲིང་བའི་བུ་རྒན་པ་བྲེ་བོ་དཔོན་དབང་པོས་ད་ལྟའི་ཞིང་གསེར་དང་གོང་ལམ་ནང་གི་ས་རྣམས་སྤྲོད། བཙུན་མོ་ཆུང་བའི་བུ་རྒན་པ་བྲག་མགོ་ནོར་བུས་ཁ་ས་ལ་འདབས་ཀྱི་ས་རྣམས་སྤྲོད་དེ་བེ་རིའི་གཞི་ཆགས་སོགས་གོང་དུ་བཤད་པ་ལྟར་ཡིན།
བེ་རི་དོན་འགྲུབ་ནོར་བུའི་ལ་བེ་རི་ལྷ་རྗེ་ངག་དབང་ཡེ་ཤེས་འཁྲུངས། བེ་རི་དགེ་རྟག་བླ་མ་སྐུ་ཕྲེང་དང་པོ་དེ་ཡིན། རབ་ཏུ་བྱུང་རྗེས་ཀྱི་མཚན་ལ་བློ་བཟང་ཚུལ་ཁྲིམས་བཏགས། ཧོར་ཆོས་རྗེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་ཞུས། དེས་ཞལ་བཀོད་ལྟར་བེ་རི་ཉིན་ཆེན་དགོན་པ་ཉམས་གསོ་བྱས་ནས་བེ་རི་དཔལ་ལྡན་འགྲོ་ཕན་གླིང་ཞེས་བཏགས། མན་ཇུ་གོང་མས་གསེར་ཡིག་འབྱོར་བ་ལྟར་བེ་རི་ཡུལ་དགོན་སྡེ་གསུམ་གྱི་བདག་པོར་མངའ་གསོལ།༡༡༦ རང་གི་ཡབ་ཀྱང་རིམ་གྱིས་དགེ་ལྡན་པའི་ཀུན་སྤྱོད་ལ་བརྟེན་ནས་ཞྭ་སེར་པར་དད་པ་སྐྱེས་ནས་བོན་གྱི་ལྟ་བ་དོར། རིག་གནས་སྤྱི་དང་ལྷག་པར་སྨན་ལ་མཁས་ཤིང་ནད་པ་མང་པོ་གྲོལ་བ་བྱུང་བས་སངས་རྒྱས་སྨན་བླའི་རྣམ་འཕྲུལ་དུའང་གྲགས། ཨ་མདོའི་ཁུལ་དུའང་སྨན་པ་གྲྭ་ཚང་ཞིག་རྒྱག་འདུག་ཚུལ་སྦྲང་ཆར་དུས་དེབ་གཅིག་གི་ནང་དུ་གསལ་མོད། ད་ལྟར་དཔྱད་གཞི་དེ་ཉིད་ལག་ཏུ་མེད། རྣམ་ཐར་ལོ་རྒྱུས་ཅུང་ཟད་རོང་པ་ཚའི་ལོ་རྒྱུས་༡༡༧༦༩ནང་གསལ་བས་དེར་གཟིགས་དགོས། སྐུ་རབས་རིམ་བྱུང་དང་དགོན་སྡེའི་ལོ་རྒྱུས་ནི་གཞན་དུ་བཤད་པར་བྱའོ། །འདི་ནས་དུས་རབས་གཅིག་ཙམ་རིང་གི་བེ་རིའི་དཔོན་རབས་ཀྱི་མཚན་གཞུང་ཡིག་ཆ་མ་རྙེད། བེ་རི་རྒྱལ་སྲས་ནི། ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པའི་རང་རྣམ་ལས།༡༡༨ ས་གླང༡༨༢༩ཟླ་བ་༨ཚེས་༡༨ཉིན་ཏྲེ་བོ་ཕོ་བྲང་དུ་འབྱོར་ནས། འདི་དུས་བེ་རི་དཔོན་མོ་ལ་སྲས་ཤིག་འཁྲུངས་རྒྱུ་འདུག་པས། རིམ་གྲོ་ཅི་རིགས་བྱས། སྲི་མནན་དང་གདུགས་དཀར་གྱི་ཟོར་འཕེན་བྱེད་དགོས་བྱུང་པར་རྟགས་མཚན་ངན། ཞེས་འབྱུང་བ་ཙམ་ལས་དེའི་ཡབ་ཡུམ་སོགས་ཀྱི་མཚན་དང་ལོ་རྒྱུས་གང་ཡང་མི་གསལ། བེ་རི་ཁྲོམ་དགེ་ནི། བེ་རི་ཉག་བྲག་དགོན་གྱི་ལོ་རྒྱུས་ལས།༡༡༩ ཉག་བྲག་སྤྲུལ་སྐུ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་ཡབ་ཡིན་ཚུལ་ལས་གཞན་ལོ་རྒྱུས་མི་གསལ་མོད། ངག་སྒྲོས་འགའ་ཞིག་ཡོད་པ་གཞན་དུ་འཆད། བེ་རི་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི། བེ་རི་ཁྲོམ་དགེའི་སྲས་དང༌། ཉག་བྲག་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་དེ་ཡིན།༡༢༠ དབུས་སུ་ཕེབས་ནས་ས་ཆེན་གོང་མ་རིན་པོ་ཆེ་དང༌། པཎ་ཆེན་བསྟན་པའི་དབང་ཕྱུག་མདུན་ལ་མཇལ་བཅར་ཞུས་ཚུལ་པཎ་ཆེན་རྣམ་ཐར་དུ་གསལ།༡༢༡ བེ་རི་རྒྱལ་རྒན་མ་ནི། ངག་རྒྱུན་དུ་བེ་རི་རྒྱལ་རྒན་འདི་བློ་ཁོག་ཆེ་རབས་དང་མི་གཞི་ལྷོད་རབས་གྲགས་ཆེ་ཡང་ཡིག་ཐོག་ཏུ་ཡོད་པའི་ལོ་རྒྱུས་ནི། བེ་རི་མཁྱེན་བརྩེ་རིན་པོ་ཆེའི་ཡབ་ཡིན་༡༢༢པ་ཙམ་ལས་གཞན་མ་མཐོང༌། མཁྱེན་བརྩེ་ཡང་སྲིད་སྐུ་བདག་སྤྲོད་དུས་བེ་རི་ཚང་ལ་བུ་གཅིག་མ་གཏོགས་མེད་ཀྱང་འདིས་བཀག་འགོག་མ་བྱས་པར་བླ་མ་ཁྲི་ཁར་ཕུད་བཅུག་འདུག་པར་བལྟས་ན་ཆོས་དད་ཤིན་ཏུའང་ཆེ་བ་ཞིག་ཡིན་པ་ཚོད་དཔག་བྱེད་ནུས་སྙམ། ལོ་རྒྱུས་ཐོག་དར་བེ་དམག་འཁྲུགས་༡༢༣ཞེས་གྲགས་པ་ཡང་འདིའི་སྐབས་བྱུང་བ་གཞན་དུ་འཆད། བེ་རི་མཁྱེན་བརྩེ་འོད་ཟེར་རིན་པོ་ཆེ་ནི། བེ་རི་རྒྱལ་རྒན་མའི་སྲས་སུ་སྤྱི་ལོ་༡༨༩༠ལོར་བེ་རིའི་ཕོ་བྲང་དུ་འཁྲུངས༌། ཆུང་དུས་ནས་མཁྱེན་བརྩེ་ཡང་སྲིད་ངོས་བཟུང་བྱས། མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་མཐའ་སོན། བསྟན་པ་སྤྱི་དང་ཀམ་ཚང་ལ་བཀའ་བརྒྱུད་ལ་བཀའ་དྲིན་ལྷག་པར་ཆེ། སྤྱི་ལོ་༡༩༤༠ལོར་གོ་མིན་ཏང་གི་ཙུང་ཐང་ཅང་ཅའེ་ཧྲིས་༡༢༤དབུ་བླར་གདན་དྲངས། ཆོས་སྲིད་གཉིས་ཐད་ནས་མཛད་པ་ཤིན་ཏུ་རྒྱ་ཆེ། དགུང་གྲང་ང་བདུན་པ་སྤྱི་ལོ་༡༩༤༦ལོར་ཞི་བར་བཤེགས།༡༢༥ རྣམ་ཐར་སྐོར་གཞན་དུ་འཆད། བེ་རི་དཔལ་ལྡན་སྒྲོལ་མ་ནི། བེ་རི་རྒྱལ་དགེ་མའི་སྲས་མོ་དང༌། མཁྱེན་བརྩེའི་གཅུང་མོ་ཡིན། ན་སོན་རྗེས་ཧོར་ཁང་གསར་ཚང་གིས་ཁང་བེ་གཅིག་གྱུར་གྱི་དམིགས་ཡུལ་བཟུང་སྟེ་བག་མར་བླངས་པ་ལྟར་ཁང་གསར་དཔོན་རབས་བརྒྱད་པ་དངོས་གྲུབ་བསྟན་འཛིན་འཇིགས་མེད༡༢༦ཀྱི་མདུན་ཐབས་སུ་སོང༌། ཁང་གསར་ཚང་ལ་ཇུས་ཉེས་སྐབས་དཔོན་ཚང་བེ་རིར་སྤོས་ནས་རྒྱུན་རིང་བསྡད། སླར་ཞོད་འཇགས་བྱུང་བ་དང་ཁང་གསར་དཔོན་ཚང་དུ་ཕྱིར་སྤོས། བུ་ཞིག་སྐྱེས་ཀྱང་ཆུང་དུས་ནས་གྲོངས་པར་ཡབ་ཀྱིས་སེམས་ཁྲལ་བྱས་དྲགས་པས་གྲོངས། སྲས་གཉིས་པ་ཁང་གསར་དཔོན་མོ་བདེ་ཆེན་དབང་མོ་ཡིན། ལོ་རྒྱུས་གཞན་དུ་འཆད། གསུམ་པ་ཁང་གསར་དཔོན་གྲོངས་རྗེས་གཉེར་པ་བསོད་ནམས་ཕུན་ཚོགས་དང་འབྲེལ་བའི་སྲས་བེ་རི་དབང་འདུས་འཁྲུངས། དེའི་རྐྱེན་གྱིས་ཁང་གསར་ཚང་དཔོན་མོ་དབང་ཅན་དང་མ་འགྲིགས་ནས་རྩོད་རྙོག་བྱུང་མཐར་བེ་རི་ལ་ཕྱིར་ལོག་ནས་བེ་རིའི་ཇུས་བཟུང༌། ཁང་བེ་གཅིག་གྱུར་གྱི་རེ་བ་སྟོང་ཟད་དུ་ཤོར། ལོ་རྒྱུས་རྒྱས་པ་གཞན་དུ་འཆད། བེ་རི་སྲས་དབང་འདུས་ནི། རབ་བྱུང་བཅོ་ལྔ་པའི་མེ་སྟག་༡༩༢༦ལོར་འཁྲུངས། ཁང་གསར་དཔོན་མོ་བདེ་ལི་དང་མ་གཅིག་ལ་ཕ་མི་གཅིག་པའི་སྤུན་མཆེད་ཡིན། བཤད་སྲོལ་ལ་རྙིང་མའམ་བཀའ་བརྒྱུད་ཀྱི་བླ་ཆེན་ཞིག་གི་ཡང་སྲིད་ཡིན་ཡང་བེ་རི་ཚང་ལ་ཤུལ་འཛིན་བུ་རྒྱུད་གཞན་མེད་སྟབས་སྐུ་བདག་སྤྲོད་མ་བཅུག་པ་རེད་ཟེར། དགུང་ལོ་ཞེ་བརྒྱད་པ་༡༩༧༣ལོར་གྲོངས། ལོ་རྒྱུས་ཅུང་ཟད་རོང་པ་ཚའི་ལོ་རྒྱུས་ནང་གསལ་༡༢༧ལ་རྒྱས་པ་གཞན་དུ་འཆད། བེ་རི་དཔོན་རབས་བར་མ་ཆད་དུ་བྱུང་བ་དེ་དག་གི་ལོ་རྒྱུས་མདོ་བསྡུས་རེ་ནི་དེ་སྔོན་ཧོག་ཁོག་བེ་རི་དཔོན་གྱི་ཡིག་ཚང་དུ་ཡོད་ནའང་དམངས་གཙོ་བཅོས་བསྒྱུར་སྐབས་སྲིད་གཞུང་གིས་བསྡུ་རུག་བྱས་པ་རེད་ཟེར།༡༢༨
བེ་རིའི་དཔོན་རབས་རིམ་བྱུང་ནི།
བེ་རི་སྨད་མའི་རྒྱལ་རྒྱུད་རིམ་བྱུང་གི་རེའུ་མིག།
བེ་རི་རྩ་འབུམ
བེ་རི་ཆོས་འབུམ།
བེ་རི་ཨ་འཕེན་རྒྱལ། བེ་རི་ཀླུ་བཙན་རྒྱལ།
བེ་རི་དོན་ཡོད་རྒྱལབུ་རྒྱལ བེ་བཟའ་ལྷ་མཛོམ།
བེ་སྲས་དོན་གྲུབ་ནོར་བུ། བེ་སྲས་གཡུང་དྲུང་སྟོབས་རྒྱལ། བེ་བཟའ་ཆེན་བ་ཀུན་ལྷུན་གསང་ཡུམ་ བེ་བཟའ་ཆུང་བ་ལྷ་ཐོག་ཡུམ།
ལྷ་རྗེ་ངག་དབང་ཡེ་ཤེས།
མི་ཐོག་འགའ་ཞིག་གི་རྗེས།
བེ་རི་རྒྱལ་སྲས།
བེ་རི་ཁྲོམ་དགེ
བེ་རི་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན།
བེ་རི་རྒྱལ་རྒན་མ།
བེ་རི་མཁྱེན་བརྩེ་འོད་ཟེར་རིན་པོ་ཆེ། བེ་རི་དཔལ་ལྡན་སྒྲོལ་མ།
ཁང་གསར་དཔོན་མོ་བདེ་ཆེན་དབང་མོ། བེ་རི་སྲས་དབང་འདུས།
བེ་རི་བསོད་ནམས་རྒྱལ། བེ་རི་ནམ་མཁའ་རྒྱལ།
བེ་རི་རྒྱལ་པོ་ཐོར་ཞིག་སོང་བའི་རྗེས་བེ་རི་རྒྱལ་སྲས་དོན་འགྲུབ་ནོར་བུ་རང་གི་མངའ་འབངས་ཀྱི་ལྷག་མ་ཚོ་གཅིག་ཁྲིད་ནས་སྡེ་དགེ་རྒྱུད་ཧོར་ཁོག་ཁུལ་དུ་ཉེན་ཡོལ་ལ་བྲོས་རྗེས་ཧོར་ནམ་མཁའ་རྒྱལ་མཚན་ལ་ངོ་བལྟས་ཏེ་མཚོ་ཁ་རྒྱལ་པོར་ཞུ་སྙན་ཕུལ་འབྲས་ལྟར་ཏྲེ་ཤོད་ཧོར་ཁོག་ཏུ་ཧོར་ཚང་མ་ཟུར་དང༌། ཏྲེ་བོ། བྲག་མགོ་བཅས་དཔོན་ཁག་གསུམ་གྱིས་ས་རིས་གནང་བར་བེ་རི་གཞི་ཕབ། དེ་ཡང་ཏྲེ་བོ་དཔོན་གྱིས་གནང་བའི་ས་རིས་ཐོག་ཞི་སེ་དང་ཨ་གྲགས་ནང༌། ཤིང་ཚང༌།༡༢༩ གོང་ལམ་ནང༌།༡༣༠ བྲག་མགོ་དཔོན་གྱི་ས་རིས་ཐོག་མཁར་གསར་ལ་འདབས།༡༣༡ མ་ཟུར་དཔོན་གྱི་ས་རིས་ཐོག་བེ་རི་དང༌། གཙང་འགྲམ། གསེར་མཁར། མདའ་མགོ །ཟླ་བ་དགོན། མོ་ལོ། འབའ། སྡེ་ཕྱི་སྟེང༌། བྲག་འཁོར་འབོ་ཆོག༡༣༢་སོགས་ཆགས་པ་དེང་སང་གི་བར་མཐོང་ཆོས་སུ་ཡོད་པ་འདི་ཡིན། གྲ་རྒྱུན་ཕལ་ཆེ་བ་བེ་འགྲོ་ཕན་གླིང་དང༌། ཉག་བྲག་དགོན། གུར་ལོང་དགོན་གསུམ་དུ་འགྲོ།༡༣༣