ཞི་ཅིན་ཕིང་གིས་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་སྤྱོད་འགོ་ཚུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-08


     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་སྤྱོད་འགོ་ཚུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཕ་ཁི་སི་ཐན་གྱི་གྲོང་ཁྱེར་དབྱི་སི་ལམ་པོ་རུ་སྤེལ་བར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་ནི“རྒྱུད་གཅིག་ལམ་གཅིག”གི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་པའི་རྣམ་གྲངས་གལ་ཆེན་ཞིག་རེད། 2013ལོར་སྤྱོད་འགོ་ཚུགས་པ་ནས་བཟུང་རྒྱལ་ཁབ་གཉིས་པོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་ལས་དུས་སྔ་མའི་གྲུབ་འབྲས་ཁག་གཅིག་ཐོབ་པ་དང་། ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་ཐུབ་པ་མ་ཟད། ད་དུང་ས་ཁུལ་མཉམ་སྦྲེལ་མཉམ་མཐུད་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྨང་གཞི་ཡག་པོའང་འདིང་ཐུབ་ཡོད། ཀྲུང་ཕ་དཔལ་འབྱོར་བར་ཁྱམས་ནི་ཀྲུང་ཕའི་དུས་དང་རྣམ་པ་ཀུན་གྱི་མཛའ་གྲོགས་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཏེ། རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་བ་རེད།

     ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཚད་གཞི་མཐོ་བ་དང་། རྒྱུན་མཐུད་ཆོག་པ། དམངས་འཚོར་ཕན་པ་བཅས་ཀྱི་དམིགས་ཚད་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག བཀོད་སྒྲིག་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དང་མཉམ་ལས་རྒྱ་སྐྱེད་གཏིང་ཟབ་ཏུ་བཏང་ནས་བར་ཁྱམས་འདི་ཉིད“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པའི་དཔེ་མཚོན་རང་བཞིན་གྱི་ལས་གྲྭ་ཞིག་ཏུ་སྒྱུར་འདོད་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕ་ཁི་སི་ཐན་ཕྱོགས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། སྲ་ཞིང་བརྟན་པའི་མཛའ་གྲོགས་དར་སྤེལ་ཡག་པོ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་མཉམ་ལས་ལ་བརྟེན་ནས། ཀྲུང་ཕའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་གྱི་ཞི་བདེ་དར་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1