གླུ་ཐ་ལ་ལ་མོ་ཐ་ལ་རེད། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
ལྷ་མཁྱེན་གཅིག་གནམ་ཐེལ་ར་དཀར་སྐྱ། །
དཔོན་གུར་དཀར་སྐུ་ཇུས་མཐོ་བར་མཛོད། །
མཁྱེན་གཅིག་བར་ཐེལ་ར་ཁྲ་སྐྱ། །
གུར་སེར་པོའི་བསྟན་པ་དར་བར་མཛོད། །
མཁྱེན་གཅིག་ས་ཐེལ་ར་ནག་སྐྱ། །
གུར་ནག་པོའི་དབུ་འཕང་མཐོ་བར་མཛོད། །
ཡང་མཁྱེན་ལྕོག་ལྷ་མཚལ་རྩེ་མཁྱེན། །
ཤན་པའི་བུ་ལ་སྡོངས་གྲོགས་མཛོད། །
རྒོད་མཆོང་ལྷའི་བུ་ལ་དཔའ་མགོན་མཛོད། །
ས་འདི་ས་ངོ་མ་ཤེས་ན། །
གླིང་རྨ་ཆུ་སྔོན་མོའི་གཡས་འགྲན་ཡིན། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ཧོར་ཡ་རྩེ་ད་ར་ཁ་དགུ་ན། །
སྡེ་མི་དུད་ནམ་མཁའི་སྐར་ཚོགས་ལ། །
དམག་བུ་རྟ་ས་གཞིའི་རྩི་ཏོག་འདྲ། །
དམག་ཁྲ་བོའི་རུ་སྣེ་འདྲེན་མི་ལ། །
ཧོར་ཤན་པ་པཱ་དུར་ཁྲི་སྐོར་ཡོད། །
མགོ་མི་འཕར་བཙན་གྱི་དཔོན་པོ་ལ། །
ཧོར་སྡིག་གཅོད་ཤན་པ་རྨེ་རུ་ཡོད། །
མཇུག་མི་ལུས་མཐའ་ན་སྐྱོར་མི་ལ། །
ང་པཱ་དུར་མཆོང་ལྷ་སྨུག་པོ་ཡོད། །
ཕོ་གནམ་ས་བར་ན་གྲགས་ལེ་ཡིན། །
རྒྱ་བོད་བར་ལ་ཁྱབ་ལེ་ཡིན། །
ལུས་རྩལ་དྲུག་ཕྱོགས་ནས་གཏམ་གོས་མེད། །
མིང་གཡེར་ཆེན་པཱ་དུར་ཐོགས་ལེ་ཡིན། །
ད་རེས་གླིང་ཕྲུག་དཀར་པོ་སྐྱ། །
ཕོ་གསར་པའི་རྒོད་རྒོད་དེ་ཚད་ཡིན། །
ཧོར་སེར་གཉོམ་ཆུང་འདུག་ལུགས་ལ། །
ཁྱོད་མིག་ཕོར་སྟེང་ན་རྟ་རྒྱུག་རེད། །
མ་ཁྱིམ་ཕུག་ལ་མདའ་འཕེན་རེད། །
དེ་ནས་འདྲ་མ་འདི་འདྲ་ཡོད། །
མཐོ་ནམ་མཁའ་འོད་ཀྱི་ཁྱབ་ལེ་ལ། །
ཤར་ཁྲི་གདུགས་ཉི་མ་གཡེར་པོ་ཆེ། །
འོད་ཆེ་ནས་གླིང་བཞི་དྲོད་ལ་འགུགས། །
ཚོད་མ་ཟིན་གཟའ་རྒོད་ཐོག་བརྫིས་སྲིད། །
དམའ་ས་གཞི་ར་བས་བསྐོར་ལེ་ལ། །
ཆུ་རྒྱ་མཚོ་ཆེན་པོ་གཡེར་པོ་ཆེ། །
མཐའ་མེད་པས་དོག་མོ་འཁྱིལ་ལེར་བསྐོར། །
ཚོད་མ་ཟིན་འབྱུང་བའི་དྲོད་ཀྱིས་སྐམ། །
བར་སྣང་འུར་སྒྲས་འགེངས་མི་ལ། །
གཡུ་འབྲུག་སྔོན་མོ་ང་རྒྱལ་ཅན། །
སྐད་ཆེ་ན་ཁམས་གསུམ་འུར་གྱིས་འགེངས། །
ཚོད་མ་ཟིན་འབྲུག་ལྕེ་ཐན་པས་ཚིག །
ཤི་དམྱལ་བའི་དགེ་སྡིག་འབྱེད་མི་ལ། །
དཔོན་ཆོས་རྒྱལ་རྔམ་འཇིགས་གཞན་ལས་ཆེ། །
ལས་དཀར་ནག་གི་སྒྲོ་འདོགས་གཅོད་མི་ཡིན། །
ཕོ་ཆོས་ཡོད་ཀྱིས་ཐོག་བརྫིས་སྲིད་རབས་ཡོད། །
ཕོ་གསར་པའི་དཔུང་པ་ངོམ་མི་ལ། །
ཁྱོད་འབུམ་པའི་རྒྱ་ཚ་རྒྱང་གྲགས་ཅན། །
མཚོན་རྣོན་པོས་འཁོར་ལོ་བསྐོར་ལེ་ཟེར། །
ཚོད་མ་ཟིན་སྲོག་དམར་སྐྱེལ་ངེས་ཡིན། །
དེ་ནས་ང་ལ་ཚུར་ཉོན་དང་། །
ཁྱོད་དཀར་པོ་གསུམ་གྱི་གྲ་སྡེབ་དེ། །
གུར་དཀར་དཔོན་ལ་ཇ་འདྲེན་ཞོག །
འཇོག་མི་དགོས་ནམ་ཕུགས་ལེན་ངེས་ཡིན། །
ནག་པོ་གསུམ་གྱི་གྲ་སྡེབ་དེ། །
གུར་ནག་དཔོན་ལ་ཕྱག་རྟགས་ཞོག །
འཇོག་མི་དགོས་ནམ་ཕུགས་ལེན་ངེས་ཡིན། །
སེར་པོ་གསུམ་གྱི་གྲ་སྡེབ་དེ། །
གུར་སེར་དཔོན་ལ་མཇལ་དར་ཞོག །
འཇོག་མི་དགོས་ནམ་ཕུགས་ལེན་ངེས་ཡིན། །
དམར་པོ་གསུམ་གྱི་གྲ་སྡེབ་དེ། །
ཤན་རྒོད་དཔོན་ལ་ཐུགས་འཛིན་ཞོག །
འཇོག་མི་དགོས་ནམ་ཕུགས་ལེན་ངེས་ཡིན། །
སྨུག་པོ་གསུམ་གྱི་གྲ་སྡེབ་དེ། །
མགར་བ་ཚང་ལ་ཁྲལ་ཕུད་ཞོག །
འཇོག་མི་དགོས་ནམ་ཕུགས་ལེན་ངེས་ཡིན། །
ཁྲ་བོ་གསུམ་གྱི་གྲ་སྡེབ་དེ། །
ཧོར་རི་ཐང་དམག་གི་ནོམ་ལ་ཞོག །
འཇོག་མི་དགོས་རྒྱ་མཚོ་རང་འཁོར་ཡིན། །
དེ་ནས་གླིང་གི་རྒྱ་ཚ་ལགས། །
ཕོ་ལ་རྒོད་ཞན་ཟེར་བ་དེ། །
ཉིན་གཅིག་རླུང་རྟ་དར་གུད་ཡིན། །
རྟ་ལ་མགྱོགས་ཞན་ཟེར་བ་དེ། །
ཞག་གཅིག་རྩྭ་ཆུའི་མང་ཉུང་ཡིན། །
དོན་སྲོག་ལ་སྦོམ་ཕྲ་ཡེ་ནས་མེད། །
བང་ལ་ཁྱད་པར་ལར་ནས་མེད། །
ངས་དེ་རིང་ཉི་མའི་གདོང་གང་ལ། །
དེ་བྱས་དེ་ལན་མི་འཇལ་རི། །
ཡང་མིན་ན་འཕྲུ་དཀར་རྡོག་པས་གནོན། །
ཡང་མིན་ན་འཕྲུ་དམར་ཁྲག་ལ་བསྲེ། །
ལས་ཅི་མ་ཡིན་ལ་སྡོད་རྒྱུ་མིན། །
ཧོར་ཤན་པའི་ལྕོགས་ལྷ་མཚལ་རྩེ་ལགས། །
དེ་རིང་ཨ་ཕོའི་སྡོངས་གྲོགས་མཛོད། །
མདུང་སྐྱ་རིང་སོ་ཁ་འདྲེན་རོགས་མཛོད། །
དཔའ་དགྲ་ལྷས་རྒྱབ་རྟེན་དེ་རིང་མཛོད། །
ཝེར་མའི་དཔུང་སྐྱོར་དེ་རིང་མཛོད། །
ད་རེས་མི་དཀར་རྟ་དཀར་ཁོ། །
སྟོད་གངས་རི་ཉི་མས་བཞུས་འདྲ་གཅིག །
བྲག་དཀར་ཐོག་གིས་གཏོར་འདྲ་གཅིག །
མགོ་སྐེ་རྟིང་མ་མ་བླངས་ན། །
ཧོར་ཤན་པའི་ལྕོག་ལྷ་མཚལ་རྩེ་དཔང་། །
ང་པཱ་དུར་ཐོགས་ལེ་ཁྱི་དུར་ཡིན། །
མདུང་སྐྱ་རིང་ཐོགས་ལེ་ཁྱི་དབྱུག་ཡིན། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །
གླུ་འདི་གླུ་ངོ་མ་ཤེས་ན། །
ངག་ལ་འཆལ་བ་མེད་པའི་གླུ། །
ཁྱོད་གླིང་ཕྲུག་ཐུགས་ལ་དེ་འདྲ་ཞོག །