མུ་མཐའ་བྲལ་བའི་རྩེ་ཁོག་རྩྭ་ཐང་ཐོག་རྟ་ནོར་ལུག་གསུམ་རང་འདོད་རྩྭ་ཆུར་རོལ་ཞིང་། ག་ས་གང་དུ་གླུ་གར་གྱི་དབྱངས་རྟ་སྙན་མོ་གྲགས་པ་དང་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཕྱུག བློ་དཀར་གཞུང་དྲང་གི་ཨ་ཁུ་འབྲོག་པའི་རེ་བས་ཁེངས་པའི་འདྲེན་བྱེད་ཀྱི་མདའ་མོ་མདུན་ཕྱོགས་སུ་འཕེན་པ་དང་། རྩེ་ཁོག་རྩྭ་ཐང་གི་མངལ་དུ་སྦྲུམ་པའི་དགྱེས་འཛོམས་བྱེད་སྒོའི་ར་བར་འདོ་བ་རྟ་ཡི་གོམ་སྟབས་བསྒྱུར། ཐུལ་དཀར་འབྲི་མོའི་བཞོ་དབྱངས་བསྐྱིལ། ཚེར་དཀར་ལུག་གི་བལ་ཁ་འགྲན་པ་བཅས་སྔ་ས་ནས་སྟ་གོན་གང་ལེགས་གྲུབ།
རྩེ་ཁོག་རྫོང་གི་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱི་བློ་རྒྱ་ཆེ་བའི་ཐུགས་བཀོད་ལས་ད་རེས་ཀྱི་དགྱེས་འཛོམས་ལ་འཁྲུག་ཆ་དོད་པའི་ངོ་མཚར་གྱི་ལྟད་མོ་དང་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཉམས་བཟང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་དཔེ་སྟོན་རྟེན་གཞི། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ། འབྲི་གཡག་དང་བོད་ལུག་ཕྱིར་གཏོང་རྫོང་ཆེན། མཚོ་སྔོན་ཞིང་ཆེན་འབྱུང་ཁམས་འབྲོག་ལས་ཐོན་ལས་ལྟེ་བའི་ཁུལ་སོགས་མིང་དོན་གཉིས་ཀ་ལྡན་པའི་སྙན་གྲགས་སྐུ་མགྲོན་ཚོའི་སྙན་ལམ་གྲགས་ཤིང་འདྲེན་བྱེད་ཀྱི་སྟོན་མོར་བཤམས།
རྩེ་ཁོག་རྫོང་གི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དང་ཟླ་བ་བརྒྱད་པའི་རྩྭ་ཐང་དགྱེས་འཛོམས་ནི་ལོ་ངོ་17སོང་རྗེས་རྩེ་ཁོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སླར་ཡང་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་བའི་མང་ཚོགས་རང་བཞིན་གྱི་རྫོང་སྟོན་གཟབ་རྒྱས་ཤིག་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ལེ་ལག་གལ་ཆེན་ཞིག་ཀྱང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་ཐང་དགྱེས་འཛོམས་འདིའི་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་ཁྲོད་སྲོལ་རྒྱུན་གྱི་རྟ་རྒྱུག་དང་། ནོར་ནག་རྒྱུད་བཟང་འགྲན་བསྡུར། གཡག་གསར་ཞོན་རྩལ་འགྲན་བསྡུར། ལུག་བལ་འབྲེགས་པ། ནོར་རྩིད་འབྲེགས་པ། ས་སྒྱེ་འདེགས་པ། ཐག་འཐེན། གླུ་གཞས་འགྲན་བསྡུར། མེ་ཕུང་སྐོར་བྲོ། བཞོན་བཞོའི་འགྲན་བསྡུར་སོགས་འབྲོག་ལས་རིག་གནས་ཀྱི་ཉམས་སྣང་གི་ཕྱུག་པའི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སྤེལ་ཡོད།
གཞན་ཡང་། རྩེ་ཁོག་གི་ལོ་ངོ་70ཡི་གྲུབ་འབྲས་འགྲེམས་སྟོན་དང་། རི་མོའི་འགྲེམས་སྟོན། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། རོལ་དབྱངས་ཆེད་དོན་དགོང་ཚོགས་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྩྭ་ཐང་གི་རུ་བའི་འབྲོག་པའི་དམངས་སྲོལ་རིག་གནས་འགྲེམས་སྟོན་བྱས་ཏེ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མཐུན་སྒྲིལ་ཡར་བརྩོན་དང་འབད་འབུངས་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།