ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-09


     ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། འབྲེལ་ཆད་ཉེན་གྱར་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ། འབྲུབ་འགོག་གི་གནད་འགག་ཆེ་སར་དམ་པོར་དམིགས་པ། འབྲུབ་འགོག་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།

     ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།

     ཞི་ཅིན་ཕིང་གིས་ཉེ་ཆར་རྒྱ་མཚོའི་རླུང་འཚུབ“ཏུའུ་སུའུ་རུའེ”ཡི་ཤུགས་རྐྱེན་ཐེབས་རྐྱེན། ཧྭ་བྱང་དང་ཧོང་ཧོའེ་སོགས་སུ་ཆར་པ་ཆེན་པོ་བབས་ནས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ཏེ། པེ་ཅིང་དང་ཧོ་པེ་སོགས་སུ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད།

     ཞི་ཅིན་ཕིང་གིས་ས་གནས་ཁག་ལ་འབྲེལ་ཆད་དང་ཉེན་གྱར་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། རྨས་མ་སྐྱོབ་བཅོས་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་ཆབས་ཅིག འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་དུས་ཚོད་དམ་འཛིན་གྱིས་ཉམས་གསོ་བྱས་ཏེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

     ཞི་ཅིན་ཕིང་གིས་མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་ཡིན་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཉེན་བརྡ་བཅས་གཏོང་ཤུགས་ཆེ་རུ་གཏོང་བ། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་རྒྱག་པ། འབྲུབ་འགོག་གི་གནད་འགག་ཆེ་སར་དམ་པོར་དམིགས་པ། འབྲུབ་འགོག་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། ཆུ་བེད་པུའུ་སོགས་ཀྱིས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་ས་ཁུལ་ལ་འབྲེལ་ཆད་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱེད་རོགས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་བྱེད་དགོས་པ། འབྲེལ་ཡོད་ཕྱོགས་ཁག་གིས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་ཉེན་བརྡ། སྐོར་ཞིབ་ལས་རེས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1