བཀའ་རྒྱ་དང་དུ་བླངས། འགན་འཁྲི་ཕྲག་ཏུ་འཁུར།
—— བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་རྒྱུན་མཐུད་འབད་འཐབ་བྱས་པའི་སྐོར་བཀོད་པ།
རྒྱ་མཚོའི་རླུང་འཚུབ“ཏུའུ་སུའུ་རུའེ”ཡི་ཤུགས་རྐྱེན་ཕོག་ནས་ཟླ་བདུན་པའི་ཟླ་མཇུག་བར། ཧྭ་བྱང་དང་། ཧོང་ཧོའེ། བྱང་ཤར་སོགས་སུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེ་ཚབས་ཆེན་ཐོན་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་སྤྱི་ཁྱབ་བཀོད་འདོམས་པའི་བཀའ་རྒྱ་དང་ལེན་མཐའ་གཅིག་ཏུ་ཞུས་ནས་བཀའ་འབྱོར་འཕྲལ་སྒྲུབ་དང་། མདུན་ཕྱོགས་སུ་གདོང་མཆོང་། ལས་འགན་ལྕི་པོ་འཁུར་ཕོད་པ་བཅས་བྱས་ཏེ། འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་རྒྱུན་མཐུད་འབད་འཐབ་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་གོང་དུ་བཀུར་བའི་ལས་འགན་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།
ཛ་དྲག་མྱུར་སྐྱོབ་ཀྱིས་དམག་དཔུང་གི་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།
ཟླ་བ་བདུན་པའི་ཟླ་མཇུག་ནས་ཟླ་བ་བརྒྱད་པའི་ཟླ་འགོ་བར་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཤིང་། ཉིན་ཤས་བསྟུད་མར་དྲག་ཆར་བབས་པས་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ལིའུ་ལི་ཧོ་གྲོང་རྡལ་ཉེ་འགྲམ་གྱི་ཆུ་ལམ་གྱི་ཆུ་ཁ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ཆུ་ཤོར་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཅིག་གིས་དཔོན་དམག་2000ལྷག་ཙམ་འཕྲལ་མར་བཏང་ནས་ཆུ་ཁ་དམའ་སར་ཆུ་རགས་བརྒྱབ་སྟེ་གྲོང་རྡལ་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱས་ཡོད།
དེ་དང་ཆབས་ཅིག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་ཧོ་པེ་ཞིང་ཆེན་ཀའོ་པེ་ཏན་གྲོང་ཁྱེར་པའེ་ཀོའུ་ཆུ་བོའི་ལས་འགན་སྒྲུབ་ཁུལ་དུ་མགྱོགས་མྱུར་འབྱོར་བའི་དབུས་རྒྱུད་འཐབ་ཁུལ་སྐམ་དམག་འབུམ་ཤོག་82པའི“ལྕགས་དམག་ལུའེ”ཡི་དཔོན་དམག་ཚོས་དྲག་ཆར་དང་འདམ་རྫབ་ཁྲོད་རྩྭ་རས་ནང་བྱེ་མ་བླུགས་ཏེ་ཆུ་རགས་བརྟན་དུ་བཏང་བ་རེད།
འབྲུབ་འགོག་ནི་བཀའ་རྒྱ་ཡིན་ལ། ཚེ་སྲོག་ནི་མཐའ་དག་ལས་ལྷག ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་གཅིག་གྱུར་བཀོད་འདོམས་འོག་མི་དམངས་བུ་ཕྲུག་དམག་གིས་སྟོབས་ཤུགས་སྔར་ལས་མང་བ་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་སྒྲིལ་ཏེ་བཀོད་འདོམས་ལྟེ་གནས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད།
དབུས་རྒྱུད་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱིས་ཟླ་8ཚེས་1ཉིན་བཀོད་འདོམས་སུའོ་བཙུགས་ནས་དཔོན་དམག་དང་ཡུལ་དམག་ཁྲི་1ལྷག་ཙམ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་སུ་མངགས་ཏེ་གོ་རིམ་ལྡན་པའི་ངང་རོགས་སྐྱོབ་ལས་ལ་གཞོལ་ཡོད།
བྱང་རྒྱུད་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱིས་ཆེད་དོན་མཛུབ་སྟོན་ཐེངས་5བྱས་ནས་ཧེ་ལུང་ཅང་དང་ཅི་ལིན་ཕྱོགས་སུ་མདུན་སྐྱོད་བཀོད་འདོམས་པ་དུས་ཐོག་ཏུ་བཏང་བ་དང་འཐབ་ཁུལ་གྱི་སྐམ་དམག་དང་། མཁའ་དམག མཚོ་དམག་བཅས་དཔུང་སྡེ་མང་པོ་བཀའ་ལྟར་ལྡོག་ཐོན་བྱས་ཡོད།
དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་འཐབ་ལས་སྒྲུབ་བཀོད་འདོམས་ལྟེ་གནས་ཆུ་ཚོད་24འཁོར་སྐྱོད་བྱས་ཏེ་ཕྱོགས་ཁག་གི་འབྲུབ་ཆུ་རྒྱས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས་དམག་ཤུགས་སྐོང་འཐེན་དང་སྐབས་བསྟུན་མཐུན་སྦྱོར་གྱིས་འགན་ལེན་སྣ་ཚོགས་བྱས་ཡོད།
ཉེན་ཁའི་དུས་སུ་ཏང་དང་མི་དམངས་གཅིག་སེམས་གཅིག་ལ་འབྲེལ། ཤི་གསོན་གྱི་འགག་རྩར་བུ་ཕྲུག་དམག་དང་མི་དམངས་མཉམ་དུ་གནས།
རྒྱ་མཚོའི་རླུང་འཚུབ“ཏུའུ་སུའུ་རུའེ”ཐོན་པ་དང་བསྟུན་ནས་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཆ་མང་པོའི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་ཚོར་ཆུ་ལོག་ཐོན་པའི་ཉེན་ཁ་འཕྲད་ཡོད། ཟླ་8ཚེས་4ཉིན་གྱི་ཐོ་རེངས། བྱང་རྒྱུད་འཐབ་ཁུལ་གྱི་སྐམ་དམག་འབུམ་ཤོག་78པའི་མཉམ་སྡེབ་ལུའེ་ཞིག་དང་། བཟོ་དམག་རྫས་འགོག་དམག་ལུའེ་ཞིག་འཕྲུལ་ཆས་དང་སྒྲིག་ཆས་ཆེ་གྲས་བཏང་ནས་གེགས་ཁུལ་དུ་ཁག་གཉིས་སུ་བགོས་ནས་བསྐྱོད་ཡོད། དྲག་ཆས་ཉེན་རྟོག་ཧེ་ལུང་ཅང་སྤྱི་ཁྱབ་རུ་ཁག་ཧའར་པིན་ཉིང་ལག་རུ་ཁག་གི་དཔོན་དམག་200ལྷག་ཙམ་གྱིས་མ་དབྱི་ཆུ་བོའི་ཧྲང་ཀྲི་དུམ་བུར་མཚན་མོ་དེ་རང་དུ་ཆུ་ཚོད་9འབད་འཐབ་བྱས་ཡོད།
“ང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱིས་མི་སུ་ཞིག་ཡིན་རུང་བློས་གཏན་ནས་གཏོང་མི་སྲིད་པ་ཤེས་སུ་འཇུག་རྒྱུ་ཡིན”ཞེས་དྲག་ཆས་ཉེན་རྟོག་ཧེ་ལུང་ཅང་སྤྱི་ཁྱབ་རུ་ཁག་གི་ལས་ཡུལ་དངོས་ཀྱི་བཀོད་འདོམས་པ་ཅ་ཧུང་ཡུན་གྱིས་བཤད།
འགན་འཁྲི་ལྕི་པོ་འཁུར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ།
གང་དུ་དཀའ་ངལ་ཡོད་པ་དེ་གར་དམག་དཔུང་གིས་འགག་སྒྲོལ་བྱས་ཡོད།
ཧྭ་བྱང་གི་ས་ཆ་མང་པོ་ཞིག་ལ་དྲག་ཆར་བབས་པས་དཔོན་དམག་ཚོས་གདོང་མཆོང་གིས་རྒྱུན་མཐུད་འབད་འཐབ་བྱས།
དབུས་རྒྱུད་འཐབ་ཁུལ་གྱི་མཁའ་དམག་གིས་ཐད་འཕུར་གནམ་གྲུ་བཏང་ནས་གནོད་འཚེ་ཕོག་ཚུལ་ལ་རྩད་ཞིབ་བྱས་ཏེ་དྲག་ཆར་ཁྲོད་རོགས་སྐྱོབ་བྱེད་བཞིན་པའི་ས་ངོས་སྟོབས་ཤུགས་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་དང་། དབུས་རྒྱུད་འཐབ་ཁུལ་གྱི་སྐམ་དམག་འབུམ་ཤོག་81པ་དང་འབུམ་ཤོག་82པའི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་མང་པོ་ཞིག་གིས་འགྲོ་ལམ་མྱུར་བཟོ་དང་ཆུ་རགས་བརྟན་དུ་བཏང་བ་དང་། དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་དང་ཧོ་པེ་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཚོས་འབྲེལ་བ་ཆད་པ་དང་ཉེན་གྱར་མི་སྣ་རྒྱུན་མཐུད་ངང་འཚོལ་སྐྱོབ་བྱས་པ། ཧོ་པེ་ཞིང་ཆེན་དམག་ཁུལ་གྱི་ཡུལ་དམག་ས་ཆ་ཁག་6ཏུ་བསྐྱོད་དེ་ཉེན་སེལ་གེགས་འགོག་བྱས་ཡོད།
ཚེས་7ཉིན་གྱི་ཆུ་ཚོད་8པའི་བར་ཧེ་ལུང་ཅང་ཞིང་ཆེན་གྱི་ཆུ་བོ་མང་པོའི་ཆུ་ཁ་རྒྱས་པའི་ཉེན་བརྡ་བཏང་བ་དང་ཅི་ལིན་ཞིང་ཆེན་གྱི་ཆུ་ལམ་གནས་ཡུལ་མང་པོར་ཉེན་ཁའི་རིམ་པ་མཐོ་རུ་ཕྱིན་ཡོད།
ཆུ་བོ་ཉེན་ཟོན་ཚད་གཞི་ལས་བརྒལ་བ་དང། ཆུ་ལོག་གི་སྔོན་བརྡ་སྔོན་པོ་བཏང་བ།
བྱང་རྒྱུད་འཐབ་ཁུལ་གྱི་སྐམ་དམག་འབུམ་ཤོག་78པའི་ལུའེ་ཞིག་གི་དཔོན་དམག་350ལྷག་ཙམ་གྱིས་ཉིན་མཚན་བལྟོས་མེད་ངང་སྨི་1000ལྷག་ཙམ་ཟིན་པའི་ཆུ་རགས་བརྒྱབ་པ་དང་འབྲེལ། མུ་མཐུད་ཆུ་རགས་ཇེ་མཐོ་དང་ཇེ་རིང་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཡོད། ཉིན་ཤས་གོང་ཤོག་སྒྲིག་དཔུང་ཚོགས་དེའི་དཔོན་དམག་གིས་ཧྲང་ཀྲི་གྲོང་ཁྱེར་དུ་ཉིན་མཚན་བལྟོས་མེད་ངང་ཉེན་ཁར་གྱར་བའི་མང་ཚོགས་30ལྷག་ཙམ་མྱུར་སྐྱོབ་བྱས་པ་དང་འབྲེལ་ཆི་ཆི་ཧར་གྲོང་ཁྱེར་དང་། མུའུ་ཏན་ཅང་གྲོང་ཁྱེར། ཧར་པིན་གྲོང་ཁྱེར་སོགས་ས་ཆ་མང་པོར་ཆུ་རགས་རྒྱག་པ་དང་བརྟན་དུ་གཏོང་བའི་ལས་འགན་སྒྲུབ་པར་བསྐྱོད་ཡོད།
དུས་ཚོད་དེ་རང་དུ་དྲག་ཆས་ཉེན་རྟོག་ཅི་ལིང་སྤྱི་ཁྱབ་རུ་ཁག་ཁྲང་ཁྲུན་ཉིང་ལག་རུ་ཁག་དང་སུང་ཡོན་ཉིང་ལག་རུ་ཁག་གི་དཔོན་དམག་གིས་ཛ་དྲག་ངང་གཙོ་གནད་འབྲུབ་འགོག་ཁུལ་དུ་སྐོར་ཞིབ་ཉམས་བཟོ་དང་ཆུ་རགས་རྒྱག་པར་བསྐྱོད་དེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
ཉེན་ཁའི་ཁྲོད་དུ་བུ་ཕྲུག་དམག་གིས་ནམ་ཡང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག
སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་མཐའ་གཅིག་ཏུ་སྒྲུབ་པ།
“གོང་རིམ་གྱི་བཀའ་འབྱོར་རྗེས་ང་ཚོའི་ལས་འགན་ནི་ཉེན་ཁར་སྐོར་གཡེང་དང་ཆུ་རགས་བརྟན་དུ་གཏོང་བ་ནས་གེགས་རྗེས་བསྐྱར་སྐྲུན་བར་འགྱུར་ལྡོག་ཕྱིན་ཡོད། མིག་སྔར་འགན་འཁྲི་གཙོ་བོ་ནི་འགྲོ་ལམ་དང་འདམ་རྫབ་གཤོང་བ་དང་དུག་སེལ་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ནས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་རོགས་རམ་བྱེད་ཀྱི་ཡོད”ཅེས་དབུས་རྒྱུད་འཐབ་ཁུལ་གྱི་སྐམ་དམག་འབུམ་ཤོག་82པའི་ལས་སྒྲུབ་ལུའེ་ཞིག་གི་ཁོའོ་ཀྲང་ལུའུ་ཧྥེང་ལེང་གིས་བཤད།
གནམ་གཤིས་ཚ་བ་ཆེ་བས་ཕུང་གསོག་ཐེབས་པའི་གད་སྙིགས་ཀྱི་དྲི་ངན་གང་སར་ཁྱབ། དཔོན་དམག་ཚོས་ཆུ་ཚོད་གསུམ་བསྟུད་མར་འབད་འཐབ་བྱས་རྗེས་གཞུང་ལམ་ཤར་གཏོང་ཐུབ་ཡོད།
ཆུ་ལོག་འཇགས་རྗེས་ཀྱི་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་ལའེ་ཧྲུའེ་རྫོང་གི་རི་ཁུལ་དུ་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་ཆུ་རྒྱུན་དྲག་ཏུ་རྒྱུག་པའི་གནས་ཚུལ་སྔར་བཞིན་ཐོན་ཡོད།
ཟླ་8ཚེས་5ཉིན་གྱི་ཆུ་ཚོད་8པར་ལའེ་ཧྲུའེ་རྫོང་མི་དམངས་དྲག་ཆས་པུས་བཀའ་ལྟར་ཡུལ་དམག་65སྒྲིག་འཛུགས་བྱས་ནས། རི་ཁྲོད་ཀྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པའི་ཀྲའོ་ཀེ་ཀྲོང་གྲོང་རྡལ་ཐང་ཅ་ཀྲོང་གྲོང་ཚོར་འཚོ་བའི་དངོས་ཟོག་བསྐྱལ་བ་རེད། ཚེས་6ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་བར། ཡུལ་དམག་ཚོས་བསྟུད་མར་ཐེངས་4བསྐྱལ་རྗེས་དངོས་ཟོག་ཚང་མ་སྐྱེལ་ཐུབ་ཡོད།
གནོད་འཚེ་ཐོན་རྗེས་ལའེ་ཧྲུའེ་ཡི་ཡུལ་དམག་ཡན་ལག་རུ་ཁག་སྔ་རྗེས་སུ་ཐེངས་20ལྷག་ཙམ་བསྐྱོད་དེ་རི་ཁྲོད་ཀྱི་གནོད་འཚེ་ཕོག་པའི་གྲོང་ཚོར་གུར་དང་། ཉལ་ཆས། བཟའ་བཅའ་སོགས་མཁོ་གལ་ཆེ་བའི་འཚོ་བའི་དངོས་ཟོག་བསྐྱལ་བས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་བསྐངས་ཡོད།
དབུས་རྒྱུད་འཐབ་ཁུལ་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དུག་སེལ་རིམས་འགོག་དངོས་ཟོག་ཛ་དྲག་ངང་སྤྲད་པ་དང་། སྒྲིག་འཛུགས་བྱས་པའི་རིམས་འགོག་ཡན་ལག་རུ་ཁག་ལས་འགན་ཁུལ་དུ་འབྱོར་ནས་བཟའ་བཅའི་བདེ་འཇགས་དང་འགོ་ནད་སྔོན་འགོག་སོགས་ཀྱི་འགན་འཁུར་བ་དང་། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་སྨན་ཁང་ཨང་984ཡིས་སྨན་བཅོས་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་བཏང་ནས་འོས་འགན་སྨན་བཅོས་དང་། བརྟག་དཔྱད། རྨས་མ་སྐྱོབ་བཅོས་བཅས་བྱས་པ། དྲག་ཆས་ཉེན་རྟོག་ཧོ་པེ་སྤྱི་ཁྱབ་རུ་ཁག་སྨན་ཁང་གིས་ཡན་ལག་རུ་ཁག་ཆུང་གྲས་མངགས་ནས་གེགས་རྗེས་དུག་སེལ་དང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང)