༄༅།།སོ་ནམ་ལས་ཀ་དང་འབྲེལ་བའི་བཤད་པ།
རབ་བརྟན་དགེ་ལེགས་ཕུན་ཚོགས་པ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-11
སོ་ནམ་པ་དང་ཉེར་འབྲེལ་བའི། །
སོ་ནམ་དུས་ཀྱི་བཤད་པ་ཞིག །
སོ་ནམ་མཁན་པོའི་ངག་རྒྱུན་ལྟར། །
སོ་ནམ་བུ་ཡིས་ཆེད་དུ་གླེང་། །
དེ་ལ་སོ་ནམ་གྱི་ལས་ལ་བརྩོན་པའི་ཞིང་པ་རྣམས་ཀྱིས་དཔྱིད་ཀར་ལྷོ་བྱང་ཟོར་ཐོང་འཛོམས་དུས་ལོ་ལྷའི་ཕྱོགས་སུ་རྨོད་གཉའ་གཅོག་ནས་ལོ་འབྲས་ལེགས་པའི་རྟགས་རྟེན་གྱི་སྒོ་དབྱེ་ཞིང་། སོ་ནམ་སྐར་འཛིན་བྱེད་མི་ཡང་ཕ་མ་གཉིས་འཛོམས་ཤིང་དབང་པོར་སྐྱོན་མེད་པ། མིང་པྲ་ལེགས་ལ་ལོ་དེའི་ལས་སྣེ་ཡིན་པ་ཞིག་གིས་བྱེད་པ་ཡིན། དེ་ནས་ས་ཁུལ་སོ་སོའི་ཡུལ་བབ་དང་། ས་ཆུ་བཟང་ངན། སོན་འབྲུ་ལྕི་ཡང་། གནམ་གཤིས་དྲོ་གྲང་བཅས་ལ་གཞིགས་ནས་སྔ་ཕྱི་འདེབས་ཚོད་མ་ནོར་བར་བྱས་ཏེ། ཞིང་ལ་ས་བོན་འདེབས་ཉིན་ཐོང་མཁན་དང་སོ་ནམ་ལས་སྣེ་གང་རུང་གིས་གོས་རྒྱན་གཟབ་འཆོར་སྤྲས་པའི་ཐོག་ཞིང་ནང་ནས་བསང་དང་ཕྱེ་མར་སྐྱེམས་ཕུད་ཀྱིས་བཀྲ་ཤིས་ཞལ་བསྲོའི་དགེ་མཚན་སྔོན་དུ་འགྲོ་བས་ཐོག་མར་གནམ་ལོའི་ལོ་བདག་གམ་ལོ་ལྷ་གནས་པའི་ཕྱོགས་སུ་ས་བོན་མཆོད་ནས་འདི་ལྟར་བརྗོད་དེ། འོ་་་་་ལྷ་གསོལ་ལོ། ། ལྷ་རྒྱལ་ལོ། །དེ་རིང་གནམ་ལ་བརྩིས་པའི་སྐར་མ་ཡག ས་ལ་བརྩིས་པའི་དུས་ཚོད་བཟང་། བར་ལ་བརྩིས་པའི་ལ་ཉེ་ཡག ། དེ་རིང་བཟང་གསུམ་འཛོམས་པའི་ཉི་མ། བཀྲ་ཤིས་དགེ་བའི་ཉི་མ། དོན་ཀུན་འགྲུབ་པའི་ཉི་མ་འདི་ལ། གནམ་ཨ་སྔོན་གྱིས་ཕྲག་དོག་མ་བྱེད། ས་དོག་མོས་གདུག་རྩུབ་མ་ཁོལ། བདེ་གཤེགས་རིན་ཆེན་མེ་ཏོག ། རྒྱལ་བ་ཤཱཀྱ་ཐུབ་པ། བྱང་སེམས་ས་ཡི་སྙིང་པོ། ལྷ་མོ་ཆེན་མོ་དཔལ་མོ། བཅོམ་ལྡན་ནོར་རྒྱུན་ལྷ་མོ། ས་ཡི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། འབྱུང་བའི་ལྷ་ལྔ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་བསྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ་ལ་སོགས་པ་རྣམས་ཀྱི་སྔོན་སྨོན་རྣམ་པར་དག་པའི་བདེན་མཐུ་དང་། སྟོད་ཀྱི་རྒྱ་གར་རྒྱལ་པོ། སྨད་ཀྱི་རྒྱ་ནག་རྒྱལ་པོ། སྤུར་རྒྱལ་བོད་ཀྱི་རྒྱལ་པོ། ཨ་གར་ཧོར་གྱི་རྒྱལ་པོ། ཐེ་ལེ་མོན་གྱི་རྒྱལ་པོ། ཞིང་ལྷ་ཚངས་པ་དཀར་པོ། ཞིང་མུ་མོ་སྨན་ཕྱུག་མོ། འབྲས་བདག་རྒྱ་བཟའ་ཨན་ཆུང་ སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག །ཡར་ལུང་ཟོར་ཐང་ཕྱུག་མོ། གོ་འཇོ་ཨ་དཀར་ནག ། འདན་མ་ཆུ་ཉིན་སྲིབ། ཞེས་དང། དམིགས་བསལ་དབོན་སྟོད་ཕྱོགས་ལྟ་བུ་ཡིན་ན། བརྒྱ་ཡ་ཆེ་ལྟེམ། སྟོང་ཀྱི་ལེ་ལྟེམ་ཟེར་བ་ལྟ་བུ་གང་འོས་སྦྱར་ཏེ། དེ་རྣམས་ཀྱི་ལོ་གཡང་དང་འབྲུ་གཡང་ཐམས་ཅད་སྟེང་ནམ་མཁའི་ཁམས་ནས་ཆ་ལ་ལ་དང་ཆི་ལི་ལི། བར་སྣང་ཁམས་ནས་ཉལ་ལ་ལ་དང་ཉི་ལི་ལི་བྱས་ཏེ། རྒྱ་ཞིང་ཁྲ་མོ་འདི་ཡི་ནང་ལ་ཁྲ་སྒ་ར་ར། ངང་གྱི་ལི་ལི་བྱས་ནས་ཕོབས་ཤིག ། མྱུར་དུ་ཕོབས་ཤིག །གཡང་ཕྱི་ལ་མ་འགྲོ་ནང་དུ་ཤོག་ཅིག །བརྒྱ་ཡར་འགྲོ་ཚོས་ཨ་རྫི་ཟེར་ནས་ཁ་གདང་། སྟོང་ཕྱིར་འོང་གིས་དེ་འདྲ་ཟེར་ནས་མིག་གྱེར་བ་ཞིག་སྐྱེ་བར་ཤོག །ཅེས་དང་། ཡང་ན། རྒྱ་ལྕགས་སྒོ་ཅན། བོད་ཤིང་སྒོ་ཅན། གོ་འཇོ་ཨ་དཀར་ནག །འདན་མ་ཆུ་ཉིན་སྲིབ་བཅས་ཀྱི་སྐྱེ་གཡང་འཁོར། ལོ་གཡང་འཁོར། ཞིང་ལྷ་ཚངས་པ་དཀར་པོ་ཁྱེད། ཞིང་མུ་ལ་བྱོན། ཞིང་མགོ་ལ་བཞུགས། ཞིང་མགོ་སེར་བས་མ་བརྡུང་། ཞིང་མུ་སད་ཀྱིས་མ་ཁྱེར། དབུ་བླ་ཁག་ལྔ། སྡེ་དགེ་ལོ་ཡག་རྒྱལ་པོའི་སྐྱབས་འོག་དམ་པར་ཚུད་ཅིག་ཅེས་སོགས་སྔར་སྲོལ་རྟེན་འབྲེལ་གང་ལེགས་བྱེད། དམིགས་བསལ་ཡུངས་མ་འདེབས་དུས། ཧོ། ཧོ། ཧོ། ཡུངས་ཡག །ཡུངས་ཡག །ཕ་རིའི་རི་ནས་རྫ་ཉིལ། ཚུར་རིའི་རི་ནས་ཡུངས་ཉིལ། རྫ་ཡུངས་གཉིས་པོ་ཁ་སྤྲོད། དཀར་ལུ་རེ་ལ་ཟངས་དཀར་ཙམ། དམར་ལུ་རེ་ལ་ཟངས་དམར་ཙམ། ཨ་འཇོལ་རེ་ལ་རྐྱན་དེའུ་ཙམ། ཁ་ཤོ་རེ་ལ་རྟ་སྒ་ཙམ། ཇ་ལེ་གྱི་ལེ་ལ་ཕུག་ཙམ། ཤྭ་བའི་ཤྭེའུ་ཐལ། གནའ་བའི་གནེའི་ཐལ། དགོ་བའི་བུ་ཐལ། ཨ་ལྕག་རེ་ལྕག་ནི་སྐྱེ་ཐལ། ཨ་ནུ་ཐ་ནུ་ནི་སྐྱེ་ཐལ། ཨ་དམ་དགའ་དམ་ནི་སྐྱེ་ཐལ། ཀའུ་རྐྱང་ཤོག་ནི་སྐྱེ་ཐལ། ད་བུ་ཁྱོད་ལས་འཕྱི་ཞིག་ཡོད་མ་ཐལ། མགྱོགས་པར་སྐྱེ་ཤོག བརྒྱ་ཡར་འགྲོ་ཚོས་ཁུར་རྒྱུ། སྟོང་ཕྱིར་འོང་ལ་སྦྱིན་རྒྱུ། ཡུངས་ཞིང་ཡུངས་ཀྱིས་གང་བ་ཞིག་སྐྱེ་བར་ཤོག་ཟེར་ནས་སྨོན་ལམ་འདེབས་ཤིང་། ཡུངས་མ་འདེབས་མཁན་གྱིས་འདེབས་མ་ཚར་བར་དུ་གཞན་ལ་ཁ་གྲགས་སྲོལ་མི་འདུག །
ཞིང་རྨོད་སྐབས་ཐོང་མཁན་གྱིས་ཐོག་མར་གནམ་ལོའི་ཕྱོགས་སུ་གཏད་ནས་རྨོད་གཉའ་བཅས་ཤིང་། དེ་ནས་གནམ་ལོའི་ཕྱོགས་གཙང་སར་ཐོང་བཙུགས་པ་དང་ལྷན་དུ། བླ་མ་ལ་སྐྱབས་སུ་མཆིའོ། ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ། ཆོས་ལ་སྐྱབས་སུ་མཆིའོ། ། དགེ་འདུན་ལ་སྐྱབས་སུ་མཆིའོ། ། ཞེས་སྐྱབས་འགྲོ་སྔོན་དུ་འགྲོ་བའི་སྒོ་ནས། འོ་བློ་ལམ་དུ་སོང་། ལམ་ཆོས་སུ་སོང་། མུ་རྙིང་པ་ལ་ཐང་གསར་པ་མ་རྒྱབ་པའི་གོང་ནས། དཀར་གྱི་རོ་མ་མངར། དམར་གྱི་ཁྲག་མ་དོར། བསམ་པ་མ་ངན། སྦྱོར་བ་མ་རྩུབ། གནམ་ལྕགས་ཀྱི་ཐོང་པ། རྩེ་རུའི་དགུ་པ། ལྷ་ཤིང་སྟག་པ་རང་འགུགས་འདི། ས་ལ་བཙུག་ན་ས་གས། རྡོ་ལ་བཙུག་ན་རྡོ་གས། ས་རྡོ་གཉིས་པོ་ཁ་ལོ་དང་ཡ་ལོ་བསྒྱུར། ཞིང་རྨོ་རུས་ལ་མ་མནར། སྣ་ཁྲིད་གད་ལ་མ་འཕེན། གསེར་སེར་པོའི་གཉའ་ཤིང་མ་ཆག །ཤིང་ཙནྡན་གྱི་ཐང་ཤིང་མ་ཆག །དུང་དཀར་པོའི་བེ་སོ་མ་གྲུམ། དར་དཀར་པོའི་འཐེན་ཐག་མ་ཆད། གནམ་སྔོན་མོས་ཛེ་དྲག་མ་བྱེད། ས་ནག་པོས་ཕྲག་དོག་མ་བྱེད། བོད་སྒང་པས་ཁ་འདྲེ་མ་བྱེད། རྒན་མོ་མ་བུས་མེ་ཁ་ཕྱེ་ཚེ། རྔོན་པ་རྒན་པོས་མེ་ཆ་རྡེབ་ཚེ། རྡོ་རུལ་གཡའ་མ་ཐུ་ལུ་ལུ། ཉིན་ཁའི་ཞིང་རྣམས་ལ་ལ་དེད། སྲིབ་ཁའི་ཞིང་རྣམས་ཐུར་ལ་དེད། ཉིན་ཞིང་དང་སྲིབ་ཞིང་གི་ཁྱད་པར་མེད་པ། ད་ལྟར་ནས་ཤོག་སྐྱ་དྲིལ་འདྲ་བྱས་ནས་ཐོན་པར་ཤོག ། ཐུབ་པར་ཤོག ། མི་ཐོགས་པར་ཤོག ། ཉི་མ་ད་ལྟར་ད་ཡི་སྔ་ཚད་ཐོན་པར་ཤོག ། མི་མཛོ་ཁལ་བཞི། གཉའ་ར་ཐང་བརྒྱད། ལྷ་དང་བླ་མ། ཆོས་དང་སངས་རྒྱས་རྣམས་ལ་གཏད་པ་ཡིན། ཅེས་དང་། ཡང་ན། འོ་གནམ་ལྕགས་ཀྱི་ཐང་པ། རྩེ་རུའི་དགུ་པ། ས་ལ་བརྒྱབ་ན་ས་གས། རྡོ་ལ་བརྒྱབ་ན་རྡོ་གས། རྡོ་རུལ་གཡའ་ཕྱེ་ཉིལ་ལེ་མཆོད། ཉིན་མ་ལ་ལ་ལ་དེད། སྲིབ་མོ་ལ་མཐུར་ལ་དེད། ཉིན་སྲིབ་གཉིས་དེ་ཤོག་སྐྱེ་དྲིལ་འདྲ། ཉི་མ་ད་ལྟ་ད་མ་ཉིད་ལ་ཐོན་དགོས། ཐུབ་དགོས། གཉའ་ལ་ཆག་གྲུམ་མ་ཡོང་། ཐང་ལ་རྡེབ་བརྡུང་མ་ཡོང་། དར་གྱི་འཐེན་ཐག་མ་ཆད། གཡུ་ཡི་བེ་སོ་མ་གྲུམ། གསེར་གྱི་ཁལ་ཡོ་མ་ཆག །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་ཆེན་པོ་མཛོད་ཅིག་ཅེས་སོགས་བརྗོད། དེ་ནས་མཚམས་སུ་ཨ་རྒ་ལོ་ལོ་དང་གཡང་རྭ་བ་སྒོ་བཞིས་བསྲུང་རྒྱུ་སོགས་བསྟོད་དབྱངས་མང་པོ་བརྗོད་ཞོར་དུ་རྨོ་ཞིང་། ཁ་རེ་བསྐོར་དུས་མ་ཎི་པད་དབྱངས་རེ་བྱེད་པས་རྨོས་མཛོ་རྣམས་ཀྱིས་ཨོཾ་མ་ཎི་ཟེར་ཡོང་དུས་ནས་རང་ཤུགས་ཀྱིས་ཁ་ཕྱིར་བསྐོར་ཡོང་བ་ཡིན་འདུག །
ཡང་འདི་ལ་གསེར་གྱི་བེ་མཆུ་མ་གྲུམ། དངུལ་གྱི་གཉའ་ཆ་མ་ཆག དར་གྱི་འཐེན་ཐག་མ་ཆད་ཅེས་ཀྱང་ཟེར།
ཞིང་རྨོད་མཚམས་བཞག་ནས་གཉའ་བཀྲོལ་ཞོར་དུ། ཨ་རྒ་ཕ་ལོའི་སྒྲིབ་པ་དག ལྕག་ཚན་དུ་རྒྱབ་ས་རྡོས་ཁུར། མ་ཎི་དུ་འདོན་མི་མཛོ་བཞི་ཡི་ཕྱེད་མ་ཡིན། འབུ་ནག་པ་རའི་ལུས་མ་ལེན། བྱ་ནག་ལྕམ་ཁྲའི་ལུས་མ་ལེན། བྱེའུ་ནག་མཆིལ་པའི་ལུས་མ་ལེན། སྤྱང་མོ་ནུ་དགུའི་ལུས་མ་ལེན། ཁྱི་མོ་ཚང་མའི་ལུས་མ་ལེན། ནག་མོ་སྦྲུམ་མའི་ལུས་མ་ལེན། འདི་ནས་ཚེ་འཕོས་མ་ཐག་ཏུ་ཞིང་མཆོག་བདེ་བ་ཅན་དུ་སོང་ལ་མེ་ཏོག་པདྨོའི་སྦུབས་སུ་སྐྱེ་བ་ལོངས། དེ་འདྲའི་ལས་སྐལ་མེད་ན་དབུས་ལྷ་སའི་གསེར་ཁང་གོང་མའི་ནང་། དགེ་སློང་ཡང་དག་པ། སྟེང་བླ་བྲེ། ཞབས་གྲལ་གདན། གསོལ་ཕོ་ལུག་ཅན་གྱི་ལུས་ལོངས། དེ་ལྟར་མ་བྱུང་ན་ལྷ་དྲེའུ་ལྷས་ཀྱི་རྩྭ་འཚེར་དུ། ཡར་རེས་རྩྭ་རྗེན་གྱི་རྩེ་མོ་ཟོ། མར་རེས་ཆུ་རྗེན་གྱི་དྲུང་མོ་འཐུང་། ལྷ་དྲེའུ་ལྷས་ཀྱི་རྩྭ་འཚེར་ནང་སྐྱེ་བར་ཤོག ། ཨོཾ་མ་ཎི་པདྨེ་ཧཱུྃ་སོགས་བསྔོ་བ་དང་སྨོན་ལམ་གང་ཤེས་བརྗོད།
སྟོན་ཐོག་ཚུར་བསྡུ་དུས། འོ་་་་ཞིང་ལྷ་ཚངས་པ་དཀར་པོ་ཁྱེད། དུས་ད་ལོ་མི་སྐྱེ་དགུ་སྐྱེ་སྐྱེ་འདུག ། སང་ཕར་ལམ་དེ་ལས་ཡག་ཚད་སྐྱེ་བར་ཤོག ། ཞིང་ལྷ་ཚངས་པ་དཀར་པོ་ཁྱེད། ཇ་འདྲེན་བྱོན། ཆང་འདྲེན་བྱོན། ཀ་མགོ་ལ་བྱོན། གདུང་མགོ་ལ་བཞུགས། ཤ་མ་ཟོས་ཏེ་གཉའ་བ་ཧྲུག་གེ། ཆང་མ་འཐུང་དེ་སྦང་མ་ཧྲུག་གེ་ཡོད་ལགས་ཅེས་བརྗོད།
སྟོན་ཁར་ལོ་ཏོག་བརྡུང་དུས་གཡུལ་ཁ་ལ་བམ་ཆག་རྣམས་རྩེ་སྤྲོད་ཀྱིས་གཡུལ་ཤོད་ཆེ་ཆུང་ལྟར་བམ་ཆག་ཕྲེང་བསྒྲིགས་ཏེ་བརྡུང་མི་རྣམས་ཚོ་བསྒོས་ཀྱིས་གཡས་གཡོན་བྱས་ནས་རྡུང་ཞིང་། དེའི་ཚེ་ན་ཨ་ལ་ཡེ་དང་སྦྲགས་ནས། གཡུལ་ཁ་བཀྲ་ཤིས་ར་བ་ཡིན། ། བརྡུང་ས་རྒྱ་ཚའི་ཕོ་བྲང་ཡིན། ། བརྡུང་མི་བུ་ཚ་བུ་མོ་ཡིན། ། བརྡུང་རྒྱུ་འབྲུ་རིགས་སྣ་ལྔ་ཡིན། ། གཡུག་སྐོར་ཙནྡན་སྡོང་པོ་ཡིན།། གཡུག་མདའ་མདའ་སྨྱུག་སིལ་མ་ཡིན། ། དཔུང་ལྷུ་གསེར་གྱི་རྡོ་རྗེ་ཡིན། ། གཡུག་རྒྱུན་འབྲོང་རྒྱུན་མཉེད་མ་ཡིན།། ཕྱག་མ་རྨ་བྱ་ལྡེམ་ལྡེམ་ཡིན། ། སྙེ་མ་བུ་ཆུང་ལོ་བརྒྱད་ཙམ།། གྲ་མ་བྱ་ཆེན་གཤོག་པ་ཙམ། ། ནས་འབྲུ་ཁྱུང་གི་སྒོ་ང་ཙམ། ། སང་ཕ་ལམ་ད་ཡི་དུས་ཚོད་ལ། ། དཔོན་སྐྱིད་ཨ་སྔོན་དགུང་དང་མཉམ། ། གཡོག་སྐྱིད་ཕུ་དུང་ས་ཁར་གཞོམ། ། ཞེས་སོ། ། ཡང་གཡུག་མདའ་མདའ་སྨྱུག་གཤིན་པོ་ཡིན། ། དཔུང་ལྷུ་གླང་ཆེན་མཆེ་བ་ཡིན། ། ཞེས་ཀྱང་ཟེར།
སྟོན་ཐོག་བརྡུང་ཚར་ནས་སྒྲོམ་ནང་བླུག་དུས། བདག་པོ་སྡེ་དགེ་ཚང་། དབུ་བླ་ཁག་ལྔ་ལ་མཆོད་མཆོད། རུ་རུ། གང་གང་། འཕེལ་འཕེལ། ཕྱུར་ཕྱུར། བཟའ་མིའི་མི་དེ་ཚེ་རིང། བཟའ་རྒྱུའི་རྒྱུ་དེ་ཡུན་རིང་། མི་ལ་ན་ཚ་མ་ཡོང་། ཕྱུགས་ལ་གོད་ཁ་མ་ཡོང་། ཅི་བསམ་པའི་ལས་དོན་དཀར་པོ་ཆོས་བཞིན་དུ་འགྲུབ་པར་ཤོག་ཅེས་བརྗོད།
སྐྱོན་མེད་ཞིང་ས་དགེ་བ་ལ། །
ས་བོན་གྲུང་པོ་ལེགས་བཏབ་སྟེ། །
ཆུ་ལུད་དྲོད་གཤེར་གྱིས་བསྐྱངས་པས། །
ལོ་འབྲས་ཕུན་སུམ་ཚོགས་གྱུར་ཅིག །
ཅེས་པའང་སྔོན་གྱི་ཞིང་པ་རྒན་པོ་དག་གི་ངག་རྒྱུན་ལ་བརྟེན་ནས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ལྕགས་ཡོས་ལོའི་ཟླ་ཚེས་གསུམ་ལ་བྲིས་པ་དོན་ལྡན་དུ་གྱུར་ཅིག །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1