1རྟ་ཁྱུ།
སྤང་དཀར་གསེར་གྱི་གཞོང་བར།།
འདོ་བ་ངང་བ་གསེར་སྒོང་།།
གོམས་རྩལ་བརྒྱ་ལས་ལྷག་པ།།
ཡག་བྱད་ལྷ་རྟར་མཉམ་ཡོད།།
འཚེར་སྐད་མཁའ་ལ་སྒྲོག་ནས།།
རྨིག་ཤས་ས་གཞི་མནན་ན།།
ལུས་ལ་ཁྲབ་མོག་གྱོན་པའི།།
ང་ཡི་མེས་པོ་དྲན་གི།
(གཞས་མ་གཏམ་གྱིས)
རྟ་ར་གོང་མ་རྟ་ཡིས་བཀང་ཡོད།།
རྟ་ཁྱུ་མགོ་མ་རྐྱང་ལ་འདྲེས་ཡོད།།
རྟ་ཁྱུ་རྗེས་མ་ལྷས་ན་ལུས་ཡོད།།
སྒ་སྲབ་འཛིན་པའི་རྫི་བོ་སུ་ཡིན།།
གནམ་ས་འདྲེས་མཚམས་བར་ནས།།
ང་ཡི་རླུང་ནག་རྗེས་ཆོད།།
ཡིད་ལ་ཤར་བའི་ས་ལ།།
མི་ཐོན་བསམ་པ་མི་འདུག།
ཉག་ཆེན་ཉག་ཆུང་གཏུབ་ནས།།
ཐང་ཆེན་ཐང་ཆུང་ལྟེབ་དུས།།
ལག་པ་ཐོད་ལ་བཞག་པའི།།
ང་ཡི་ཆུང་འདྲིས་དྲན་གི
2རྒྱ་གྲོང་གི་མི་ཚོགས།
རྒྱ་གྲོང་མི་ཚོགས་འཁོར་བ།།
ཨ་ཅེས་ཐང་མ་བརྡལ་སོང་།།
ཕྱི་གཟུགས་མཛེས་པོ་མཛེས་པོ།།
རྒྱ་བཟའ་བོད་བཟའ་ཡིན་ལེ།།
དུངས་ཀ་ཉེ་ཞིང་ཉེ་བའི།།
བྱམས་པ་འདྲ་མ་རེད།།
ཡར་འགྲོ་འཛུམ་མདངས་ཀྱིག་ཀྱིག།
མར་འགྲོ་དགོད་སྒྲ་ལྷང་ལྷང་།།
མཛའ་མཛའ་དུང་དུང་གནང་བའི།།
སྡེ་ཆེན་མི་ཚོགས་མང་ཡང་།།
ང་ཡི་སྙིང་ཐུབ་བྱམས་པ།།
རྒྱ་གྲོང་འདི་ན་མི་འདུག།
མཚན་མོ་མུན་པ་འཐིབས་སོང་།།
གཅོམ་སྐད་རླུང་གིས་ཁུར་སོང་།།
ཟླ་འོད་གོས་ལ་གྱོན་པའི།།
རྒྱ་གྲོང་མལ་ལ་གཟིམས་ཀྱང་།།
ཆུང་འདྲིས་དྲན་པའི་སེམས་པ།།
ནམ་ཡང་གཟིམས་ཐབས་མི་འདུག།
3མེ་ཏོག་སེར་ཆེན།
སྔོན་མོ་གཡུ་ཡི་སྤང་ནས་འཁྲུངས་བའི།།
དྭངས་མོ་ཆུ་ཡི་འགྲམ་ནས་འཁྲུངས་བའི།།
འདབ་བརྒྱ་ཅན་གྱི་མེ་ཏོག་སེར་ཆེན།།
གཟི་བྱིན་ས་གཞིའི་རྒྱན་ལ་བབས་ཡོད།།
གཡང་དཀར་ལུག་གི་རྭ་མགོར་ཁུར་བའི།།
ཐུལ་དཀར་འབྲི་མོའི་ནུ་མགོར་འབྱར་བའི།།
ལྷས་རར་འཐོར་བའི་མེ་ཏོག་སེར་ཆེན།།
དྲི་བསུང་མར་དང་རྩམ་པར་འགོས་ཡོད།།
མེ་ཏོག་ཁྱོད་ཀྱི་ཟེ་འབྲུའི་སྟེང་ལ།།
རྒྱལ་བ་རིགས་ལྔ་རང་བྱོན་བབས་ཡོད།།
འདབ་མ་རེ་རེའི་གདན་གྱི་སྟེང་ལ།།
སངས་རྒྱས་སྟོང་སྐུས་ཕྱག་རྒྱ་མཛད་ཡོད།།
མེ་ཏོག་འཁྲུངས་སའི་ཕ་ཡུལ་འདི་ལ།།
བཀྲ་ལ་ཤིས་པའི་རི་མོ་བབས་ཡོད།།
ང་ཡི་ཨ་ཇོ་མེ་ཏོག་འདྲ་བོ།།
སྤང་ཁུག་འདི་ལ་ཡང་ཅིག་འཕྲད་ཤོག།
4དོ་ཞག་ཆུང་འདྲིས་དྲན་བྱུང་།
བཞུར་སྒྲ་ལྷང་ལྷང་གི་ཆུ་འགྲམ་ཞིག་ནས།།
འཛུམ་མདངས་ཀྱིག་ཀྱིག་གི་ཆུང་འདྲིས་དྲན་བྱུང་།།
དྭངས་གསལ་ཆུ་ངོས་ཀྱི་དཀར་གསལ་ཟླ་བ།།
ང་ཡི་སྙིང་ཐུབ་ཀྱི་ཞལ་རས་ཨེ་ཡིན།།
ཡེ་ཡེ་ཡེ།
སྙིང་ཐུབ་ཤ་འདྲེས་པགས་འདྲེས།
དྲན་པ་ཆུ་མོས་བརླན་ཡོད།
བསེར་བུ་བསིལ་བསིལ་ཞིག་དལ་ཀྱིས་གཡུགས་ནས།།
རྩི་ཤིང་མེ་ཏོག་དག་ལྕུག་ལྕུག་སྒུལ་བྱུང་།།
སྐྲ་ལོ་ཤིག་ཤིག་ཅིག་རྒྱབ་ལ་དཔྱངས་བའི།།
ཆུང་འདྲིས་གཟུགས་ཡག་མ་དྲན་པ་བབས་སོང་།།
ཡེ་ཡེ་ཡེ།
ཆུང་འདྲིས་གཟུགས་ཡག་ཚིག་ཡག
དྲན་པ་རླུང་ལ་སྐུར་ཡོད།།
མིག་ཟུང་རྒྱང་རིང་གི་མཚམས་ལ་ཅེར་ཏེ།།
ལ་གཞས་སྙན་མོ་ཞིག་དམའ་མོས་ལེན་དུས།།
རིག་པའི་སྡིངས་ཀ་ན་འོད་དུ་འཚེར་བའི།།
ཡིད་མཐུན་དྲན་པ་ལ་ཚུགས་ཐུབ་མི་འདུག།
ཡེ་ཡེ་ཡེ།
ཡིད་མཐུན་རིག་བཟང་བུ་མོ།
དྲན་པ་ཤོག་ངོར་ཕབ་ཡོད།།
ཨ་ཁུ་པདྨའི་ལ་གཞས་ཆེད་བྲིས།
གཅིག
ཡེ་ངས་རྩེད་མགོ་ལེན་ན་རྩེད་མགོ་ལེན།།
ཁུ་ལོའི་གསུང་སྐད་འདྲ་བའི་རྩེད་མགོ་ལེན།།
དཔྱིད་ཟླ་བཞི་བ་ནགས་ལ་ཚེས་ནི་ལེན།།
དབྱར་ཟླ་་དྲུག་པ་ཡུན་ཀྱིས་བཞད་་ནི་ལེན།།
ཡེ་ངས་རྩེད་མགོ་ལེན་ན་རྩེད་མགོ་ལེན།།
རྫེ་བཙུན་མགུར་མ་འདྲ་བའི་རྩེད་མགོ་ལེན།།
རོགས་བརྒྱ་མང་པོ་གྲོང་ལ་ཚོགས་ནི་ལེན།།
ཞེ་མཐུན་རོགས་ལོར་ཞེ་འདང་ཡོད་ནི་ལེན།།
གཉིས།
རྩེ་མགོ་འཛོམས་པོ་ལེན་ན་འཛོམས་པོ་ལེན།།
རྩེད་མགོ་འཛོམས་པོ་དགུང་སྔོན་གནམ་ལ་ལེན།།
ཐང་དཀར་ཐང་ནག་གཉིས་ཀ་འཛོམས་ནི་ལེན།།
བྱ་ཚོགས་མང་པོ་ཞོར་ར་ཚོགས་ནི་ལེན།།
ནམ་འཕང་སྟོད་ལ་གཤོག་རྩལ་ངོམ་ནི་ལེན།།
རྩེད་མགོ་ལྷོད་ཀྱིས་ལེན་ན་ལྷོད་ཀྱིས་ལེན།།
རྩེད་མགོ་ལྷོད་པོ་སྡེ་ཆེན་གྲོང་ང་ལེན།།
ཞི་ལི་ཞི་མོ་ལྷོད་ཀྱིས་མཐུན་ནི་ལེན།།
རོགས་བརྒྱ་མང་པོ་ཞོར་ར་ཐུགས་ནི་ལེན།།
ལ་གཞས་དགུ་ཚིགས་འཁོར་ལོ་སྐོར་ནི་ལེན།།