ཉེ་ཆར། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་སྲིད་གྲོས་ཀྲུའུ་ཞི་ལེ་ཅན་ཕིང་རྫོང་སྲིད་གྲོས་ཀྲུའུ་ཞི་ཐུབ་བསྟན་ནམ་མཁས་ལྷན་ཕེབས་འོག སྔོན་རྗེས་སུ་སྡེ་དགེ་རྫོང་གི་ལྕང་ར་གྲོང་རྡལ་དང་མ་ཎི་གད་འགོ་གྲོང་རྡལ། དཔེ་ཝར་ཤང་། རྫོང་སྲིད་གྲོས་ལས་ཁུངས་བཅས་སུ་ཕེབས་ཏེ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས།
ཟླ་བ༧པའི་ཚེས་༡༨ཉིན་གྱི་སྔ་དྲོར། ལེ་ཅན་ཕིང་སྔོན་རྗེས་སུ་དཔེ་ཝར་ཤང་གི་ཉིན་འབྲུག་སྟེང་དང་ལྕང་ར་གྲོང་རྡལ། རྫོང་སྲིད་གྲོས་ལས་ཁུངས་བཅས་སུ་དབུལ་བྲལ་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་བྱས་ཚུལ་དང་དོན་དག་ཡོད་ན་གྲོས་མོལ་དུ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྤེལ་བྱས་ཚུལ་ལ་ཤེས་རྟོག་བྱས་ནས། དམིགས་བསལ་དུ་དཔེ་ཝར་ཤང་དང་ལྕང་ར་གྲོང་རྡལ་གྱི་དབུལ་བྲལ་གྲོང་སྡེའི་ཐོན་ལས་བྱས་ཚུལ་གྱི་ངོ་སྤྲོད་ལ་ཉན་འཇོག་བྱས་ཏེ། དཔེ་ཝ་ཤང་ཉིན་འབྲུག་སྟེང་གྲོང་ཚོའི་བོད་ཕག་གསོ་ཚགས་བྱས་ཚུལ་ལ་འདྲི་རྟོག་ཞིབ་མོ་བྱས་རྗེས་ལེ་ཅན་ཕིང་གི་ནན་གསུངས་གནང་དོན། དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བའི་འགག་རྩ་ནི་གྲོང་སྡེ་རིམ་པའི་ཐོན་ལས་སྲ་བརྟན་གཏོང་རྒྱུ་དེ་ཡིན་པས། མང་ཚོགས་ཀྱི་ཧུར་ཐག་རང་བཞིན་སྐུལ་སློང་གཏོང་ནས། རིམ་པ་བགོས་ནས་བོད་ཕག་གསོ་སྤེལ་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ཏེ་གསོ་སྤེལ་ར་བ་གླ་བ་ཙམ་གྱི་ཡིན་པ་བྱ་བའི་སྟབས་བདེའི་ལས་སྟངས་མི་ཡོང་བ་བྱེད་དགོས། ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་སྲིད་ཇུས་ཀྱི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཚོ་རིམ་པའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཕྱིར་འཐེན་བྱས་ཚེ་མུ་མཐུད་ལག་བསྟར་བྱེད་དཀའ་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཕྱི་དྲོར། ལེ་ཅན་ཕིང་རྫོང་སྲིད་གྲོས་ལས་ཁུངས་སུ་ཕེབས་ཏེ་རྫོང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་བྱམས་བརྩེའི་ངང་ནས་བདེ་འདྲི་བྱས་པ་དང་། གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་དཔྱད་ཡིག་ནན་ཏན་ངང་ལྟ་ཀློག་དང་། དོན་དག་ཡོད་ན་གྲོས་མོལ་དུ་ཕེབས་ཞེས་པའི་ལས་སྟེགས་འཁོར་སྐྱོད་བྱས་ཚུལ་སོགས་ཞིབ་མོ་གཟིགས་རྒྱུ་སོགས་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་པ། གྲོས་ཚོགས་ཀྱིས་རྫོང་ཨུ་ཧྲུའུ་ཅི་ཚངས་དཀར་ཚུལ་ཁྲིམས་ཀྱིས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་རྒྱབ་སྐྱོར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། རྫོང་ཨུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧྥམ་ཡིང་ཀྲུའུ་ཡིས་རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་སྐོར་གྱི་སྙན་ཞུ། རྫོང་སྲིད་གྲོས་ཀྲུའུ་ཞི་ཐུབ་བསྟན་ནམ་མཁས་རྫོང་སྲིད་གྲོས་ཀྱི་གཙོ་གནད་ལས་ཀར་སྐུལ་འདེད་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་འཇོག་བྱས་པ། ལེ་ཅན་ཕིང་གིས་གསུངས་དོན། སྡེ་དགེ་ནི་ཁམས་པ་རིག་གནས་ཀྱི་ལྟེ་གནས། སྡེ་དགེ་པར་ཁང་། ཟུར་ལུགས་བོད་སྨན། ཡིད་ལྷུང་ལྷ་མཚོ་སོགས་མི་བཟོས་རང་བྱུང་མཛེས་ལྗོངས་སྐད་གྲགས་ཤིན་ཏུ་ཆེ་བས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཁོང་གི་གསུངས་དོན། སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་སྲིད་གྲོས་ལས་དོན་ལ་མཐོང་ཆེན་བྱས་པ་དང་། ཤུགས་ལྡན་གྱི་རྒྱབ་སྐྱོར་བྱས་པས། དོན་དག་ཡོད་ན་གྲོས་མོལ་དུ་ཕེབས་ཞེས་པའི་ལས་སྟེགས་འཛུགས་སྤེལ་དང་དྲིལ་བསྒྲགས་ཀྱི་རླངས་འཁོར་ཆེན་མོའི་བྱེད་སྒོ། གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་སོགས་ཀྱི་ལས་ཀ་བདེ་བླགས་ངང་སྤེལ་ཐུབ་པར་སྐུལ་འདེད་བཏང་ཡོད་པ་རེད། སྲིད་གྲོས་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་བྱ་བའི་དུས་མཚུངས་སུ། ཁོང་གིས་གྲོང་སྡེའི་ལོ་རྒྱུས་རྩོམ་སྒྲིག་དང་དྲིལ་བསྒྲགས་ཀྱི་རླངས་འཁོར་ཆེན་མོའི་བྱེད་སྒོ། དོན་དག་ཡོད་ན་གྲོས་མོལ་དུ་ཕེབས། གྲོས་གཞི་སྒྲུབ་པ་སོགས་སྲིད་གྲོས་ལས་དོན་དང་སྲིད་གྲོས་ལས་བྱེད་པ་ལ་བླང་བྱ་དངོས་བཏོན་ཡོད་པ་རེད། ཁོང་གིས་ནན་གསུངས་གནང་དོན། སྲིད་གྲོས་ཀྱི་ལས་བྱེད་པས་དར་ཆ་གསལ་སྒྲེང་བྱེད་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཞིང་ཨུ་དང་ཁུལ་ཨུ། རྫོང་ཨུ་ཡི་དབང་གྲགས་སྲུང་སྐྱོང་བྱེད་ནས། རང་རྟོགས་ཀྱི་སྒོ་ནས་ཏང་གི་འདོད་ཚུལ་དང་། ཏང་གི་འདོད་བློ་བྱ་སྤྱོད་དངོས་ཀྱི་ནང་དུ་བསྒྱུར་དགོས། ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་བྱེད་དེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་གཏོང་ནས། མཐུན་སྒྲིལ་ཕྱུག་འགྱུར་དང་ཞི་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དཀར་མཛེས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག དཀར་མཛེས་སྲིད་གྲོས་ཀྱི་ལས་དོན་ལེགས་སྒྲུབ་དང་། དཀར་མཛེས་སྲིད་གྲོས་ཀྱི་ལག་ལེན་དངོས་ཕུན་སུམ་ཚོགས་སུ་བཏང་བ་དང་། དཀར་མཛེས་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་འགྲོ་བ། རྩ་འཛུགས་ཀྱི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ། དུས་རབས་ཀྱི་ལས་འགན་སྣང་མེད་དུ་མི་གཏོང་བ་བཅས་བྱེད་ནས། ལྟེ་བར་དམིགས་ཏེ་འགན་འཁྲི་ལྕི་པོ་འཁུར་དགོས་པ་དང་། ལས་སྣ་གནས་ངེས་ཡང་དག་འཚོལ་བ་དང་། ཨུ་ཡོན་གྱི་མཚན་སྙན་གཅེས་སྤྲས། འགན་འཁྲི་འཁུར་སེམས་ཆེར་གཏོང་བཅས་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྲོག་ཤིང་སྲུང་སྐྱོང་དང་། ཞབས་ཞུ་ལྟེ་བར་འཛིན་པ། ཐོག་མའི་བསམ་འདུན་བརྟན་སྲུང་། མི་སེམས་གོང་བུར་འགྲིལ་བ་བཅས་བྱེད་ནས། མི་དམངས་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་ལྷན་འཛོམ་དང་། རིག་སྟོབས་འདུས་ཚད་ཆེ་བའི་རང་ངོས་ཀྱི་དགེ་མཚན་དང་ཆབ་སྲིད་གྲོས་མོལ། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ལམ་ལུགས་དགེ་མཚན་འདོན་སྤེལ་གང་ལེགས་གཏོང་བ་དང་། ལྟེ་བའི་ཁྱོན་ཡོངས་ལ་དམིགས་ནས་ཇུས་འདོན་ཤུགས་འདོན་དང་། དམངས་འཚོར་ཞབས་འདེགས་ཞུ་བའི་ཐད་ཐབས་འདོན་ཇུས་འདོན་བྱེད་དགོས། རང་ཉིད་གསར་བཅོས་བྱེད་ནས་རྣམ་པ་བཟང་པོ་འཛུགས་དགོས་པ་དང་། སྲིད་གྲོས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་དགོས་ཞིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྲིད་གྲོས་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་དང་རྒྱབ་སྐྱོར། དུས་བཀག་ལྟར་སྙན་སེང་ཉན་འཇོག་བྱས་ཏེ། གྲོས་གཞི་གཅིག་གྱུར་གྱིས་ལེགས་པར་བསྒྲུབ་ནས། ཏང་སྲིད་ཀྱིས་མཐོང་ཆེན་དང་སྲིད་གྲོས་རང་འགུལ། ལས་རིགས་ཀྱིས་ཤུགས་སྣོན། སྤྱི་ཚོགས་ཀྱིས་ངོས་འཛིན་གཅིག་མཐུན་བཅས་བྱེད་ཐུབ་པར་བྱེད་དགོས་པའི་རེ་འདུན་བསྟན་ཡོད།
ཚེས་༡༩ཉིན་གྱི་སྔ་དྲོར། ལེ་ཅན་ཕིང་མ་ཎི་གད་འགོ་གཟན་རྩྭ་རྟེན་གཞི་དང་འབྲིའི་འོ་བཟོས་བཟའ་བཅའ་ལས་སྣོན་བཟོ་གྲྭ་རུ་ཕེབས་ནས། ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང་སོགས་གནད་འགག་ཐུག་སའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། ཉི་ནུས་འོད་ཤུགས་གློག་གཏོང་གི་འཆར་འགོད་དང་ལག་བསྟར་རྣམ་གྲངས་ངོ་སྤྲོད་ནན་ཏན་ངང་གསན་པ་རེད། ལེ་ཅན་ཕིང་གིས་ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེ་བའི་ནང་གི་འགངས་ཆེ་ཞིག་ཡིན་པ་དང་། འབྲི་གཡག་ཐོན་ལས་ཚོགས་པ་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། འབྲོག་ཁུལ་གྱི་མི་སེར་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་རེད། སྡེ་དགེ་རྫོང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། སྟོབས་ཆེར་གཏོང་བ་དང་ལེགས་སུ་གཏོང་བའི་དམིགས་ཚད་ལ་དམིགས་ཏེ། བྱ་ཐབས་སྣ་ཚོགས་སྤྱད་དེ་ནུས་ཤུགས་ཡོད་རྒུས་འབྲི་གཡག་ཐོན་ལས་ཀྱི་ཚོགས་སྤྱི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནི་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་གཟན་རྩྭ་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྩྭ་རར་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་བྱེད་སྟངས་མགྱོགས་མྱུར་ལེགས་སུ་གཏོང་བ། རྫོང་ཁོངས་ཀྱི་རྩྭ་རའི་ཐོན་ལས་འབྲེལ་ཐག་དང་འབྲོག་ལས་ཐོན་ལས་འབྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་གཏོང་བ། འབྲོག་ལས་སྤུས་ཚད་མཐོ་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བཅས་བྱེད་དགོས། གཉིས་ནི་འབྲི་གཡག་གི་དེང་རབས་ཞིང་ལས་གླིང་ཁུལ་ལ་སྐུལ་འདེད་གཏོང་ནས། མ་ཎི་གད་འགོ་འབྲིའི་འོ་བཟོས་བཟའ་བཅའ་ལས་སྣོན་བཟོ་གྲྭའི་འབྲི་གཡག་ཐོན་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་རིམ་བཞིན་ཆེད་ལས་ཅན་དང་ཚད་གཞི་ཅན། ལེགས་བསྡུས་ཅན་དུ་འགྱུར་བའི་ཐོན་སྐྱེད་བཅས་བྱེད་དེ། གླིང་ཁུལ་གྱི་སྐུལ་ཁྲིད་བྱེད་པ་དང་ རྫོང་དང་གྲོང་རྡལ་དབར་སྤེལ་རེས་བྱེད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་བྱེད་པ། གླིང་དང་གྲོང་ཚོ་གཞི་གཅིག་ཅན་གྱི་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་པ་འཛུགས་སྐྱོང་མགྱོགས་སུ་བཏང་དགོས། གསུམ་ནི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གཏོད་པ། ཁྲོམ་ར་ཁྱབ་གདལ་གཏོང་བ་བཅས་བྱེད་ནས། ལས་ཞུགས་ཐབས་ལམ་གསར་པ་གཏོད་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ཞིང་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱེད་དགོས། གཟན་རྩྭ་འཕེལ་རྒྱས་དེང་རབས་ཅན་དང་། འོ་བཟོས་ལས་སྣོན་སྤུས་རྟགས་ཅན། སྤུས་ཚད་དོ་དམ་གྲངས་གཞི་ཅན་སོགས་ཐད་ནུས་ཤུགས་ཡོད་རྒུས་ཐབས་ཇུས་ལག་ལེན་བསྟར་དགོས་པ་དང་། དཀར་མཛེས་ཀྱི་འབྲི་གཡག་ཐོན་ལས་འདུས་འཛོམས་བསྐྲུན་ནས་སྡེ་དགེའི་དུམ་ཚན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་འབྲི་གཡག་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་དེ་བས་ཆེ་ཞིག་འབུལ་དགོས་ཞེས་བསྟན་ཡོད།