༄༅།།ལྡེའུ་ཆོས་འབྱུང་རྒྱས་བསྡུས་གཉིས་ཀྱི་སྔ་ཕྱིའི་ལོ་ཚིགས་གཤིབ་སྡུར།

ལྕགས་མོ་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-15


《ལྡེའུ་ཆོས་འབྱུང》རྒྱས་བསྡུས་གཉིས་ནི་བསྟན་པ་ཕྱི་དར་གྱི་དུས་མགོར་བྱུང་བའི་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཤིག་ཡིན་གཤིས། མཛད་པ་པོ་གཉིས་ཀྱང་སྐབས་དེ་དུས་ལ་སྐུ་བལྟམས་ནས་ཆོས་འབྱུང་ལོ་རྒྱུས་དེ་མཛད་པར་གདོན་མི་ཟ་མོད། ད་སྔ་ལོ་རྒྱུས་བསྟན་བཅོས་འདི་གཉིས་ནམ་དུས་མཛད་པའི་བྱེ་བྲག་གི་ལོ་ཚིགས་དང་དུས་ཀྱི་སྔ་ཕྱིའི་གོ་རིམ་ཐད་གནད་དུ་ཐིངས་ཤིང་འཐུས་སྒོ་ཚང་བའི་ཞིབ་འཇུག་གི་དཔྱད་འབྲས་མང་པོ་སྤེལ་མེད་སྟབས། ཆོས་འབྱུང་ལོ་རྒྱུས་འདི་དང་དེར་འབྲེལ་གྱི་ལོ་རྒྱུས་དོགས་གནད་མང་པོ་ཞིག་གསལ་ཁ་འབྱེད་ཁག་པོར་འདུག

《ལྡེའུ་ཆོས་འབྱུང》གི་མཛད་པ་པོའི་འཁྲུངས་འདས་ལོ་ཚིགས་གཞིར་བཟུང་ནས་ཆོས་འབྱུང་རྒྱས་བསྡུས་གཉིས་མཛད་པའི་སྔ་ཕྱིའི་གོ་རིམ་སྡུར་བ་ལ། 《དེབ་སྔོན》ལས། ཞི་བྱེད་རྒྱུད་པ་བར་མའི་སོ་ལུགས་འཆད་པའི་སྐབས།“ཡང་སོས་ཤ་མི། དེས་དགེ་བཤེས་ལྡེའུ”ཞེས་པ་ལས(ལྕགས་དཔར་མའི་ཤོག་ངོས1025ནས1033)། སོ་ཆུང་བ་དགེ་འདུན་འབར་ནི་ཕ་དམ་པ་སངས་རྒྱས་ཀྱི་དངོས་སློབ་ཡིན་ཞིང་། དེའི་སློབ་མ་ཤ་མི་སྨོན་ལམ་འབར་ནི་རབ་བྱུང་དང་པོའི་ཤིང་གླང་སྟེ་སྤྱི་ལོ1085ལོར་འཁྲུངས་ཤིང་རབ་བྱུང་གསུམ་པའི་ལྕགས་ཡོས་ཏེ་སྤྱི་ལོ1171ལོར་གཤེགས་པ་བཅས་ལ་དཔགས་ན། དགེ་བཤེས་ལྡེའུ་དེ་དང་བརྒྱུད་པའི་སློབ་མ་ཡིན་པས་ཁོང་ཡང་དུས་རབས་བཅུ་གཉིས་ནང་བྱོན་པའི་མཁས་པ་ཞིག་ཡིན་པར་འདོད། 《ལྡེའུ་ཆོས་འབྱུང》རྒྱས་པའི་མཇུག་ཏུ“སྔོན་བྱུང་རིག་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ། ད་ལྟར་མཁས་པ་ཇོ་ནམ”ཞེས་བྱུང་བ་དང་། 《དེབ་ཐར་སྔོན་པོ》རུ་དེ་ཡང་མེས་པོ་རྟ་བོན་དབང་གྲགས་བྱ་བའི་བུ་ཆུང་ཤོས་རྟ་སྟོན་ཇོ་འབུམ། དེའི་བུ་རྟ་སྟོད་ཇོ་ཡེས་དང་ཇོ་བསོད་གཉིས། ཡབ་ཇོ་འབུམ་ཆོས་སྒོར་ཞུགས་ནས་ཆོས་མང་དུ་གསན་པ་དང་ལྷག་པར་རྗེ་ཕག་མོ་གྲུ་བ་རྩ་བའི་བླ་མར་བསྟེན། དགུང་ལོ་ང་གཅིག་པ་སྟེ་སྲས་ཇོ་ཡེས་ལོ་བཅུ་གཉིས་དང་ཇོ་བསོད་ལོ་བདུན་ལ་སོན་སྐབས་ཡབ་སྐུ་གཤེགས་ཤིང་། དེ་དུས་ནི་རྗེ་ཕག་མོ་གྲུ་བ་གཤེགས་རྗེས་ཀྱི་ལོ་ལྔ་པ་སྟེ་རབ་བྱུང་གསུམ་པའི་ལྕགས་མོ་རྟའི་ལོ་སྟེ་སྤྱི་ལོ1175ཡིན་ལ། ཡབ་གཤེགས་དུས་ཇོ་ཡེས་ལོ་བཅུ་གཉིས་ཙམ་ཡིན་ཞིང་། ཡབ་ཀྱི་འཁྲུངས་འདས་ལོ་ཚིགས་གཞིར་བྱས་ནས་དཔྱད་ན་ཇོ་ཡེས་ཀྱང་ཕལ་ཆེར་སྤྱི་ལོ1135བར་ལ་འཁྲུངས་དགོས་པར་འདུག མཁས་པ་ལ་ལས་དགེ་བཤེས་ཇོ་འབུམ་དང་དགེ་བཤེས་ལྡེའུ་གཉིས་དུས་རབས་བཅུ་གཉིས་ནང་བྱུང་བ་དུས་མཉམ་པས་ཁོང་གཉིས་མི་གཅིག་ལ་མཚན་གྱི་རྣམ་གྲངས་གཉིས་བྱུང་བར་བཞེད་ཀྱང་། དོན་ལ་མཁས་པ་འདི་གཉིས་མི་གཅིག་ཡིན་མིན་ཐད་ལ་ཆོས་འབྱུང་ལོ་རྒྱུས་ཁག་གཞན་ན་གསལ་པོར་བཀོད་ཡོད་པ་ད་སྔ་མཇལ་རྒྱུ་མ་བྱུང་བས། ད་དུང་དཔྱད་པའི་རིགས་སུ་འཚལ་ཏེ་ཁ་ཚོན་གཅོད་མ་ནུས་སོ། །

《ལྡེའུ་ཆོས་འབྱུང》བསྡུས་པ་ཡི་སྔོན་འགྲོའི་གསལ་བཤད་ལས།“ཆོས་འབྱུང་འདི་ཉིད་ཀྱི་མཛད་པ་པོ་དུས་སྐབས་གང་ཞིག་ཏུ་བྱོན་པའི་སྐོར་མ་ཡིག་ནང་མ་གསལ་བ་དང་འབྲེལ་བོད་ཀྱི་ལོ་ཙཱ་བ་རྔོག་བློ་ལྡན་བྱོན་པ་ཡན་ཆོད་ལས་མན་ཆོད་ཀྱི་ལྷ་ཁང་དང་། དགོན་པ། མཁས་པ། ལོ་ཙཱ་བ་སོགས་ཀྱི་ལོ་རྒྱུས་གང་ཡང་འཁོད་མེད་པ་དེ་ལ་བརྟགས་ན་མཛད་པ་པོ་ལྡེའུ་ཇོ་སྲས་ཞུ་བའི་དམ་པ་དེ་ཉིད་ནི་བོད་རབ་བྱུང་གཉིས་པའི་ས་གླང་སྟེ་སྤྱི་ལོ1109ཡི་གོང་རོལ་དུ་བྱོན་པའི་མཁས་པའི་དབང་པོ་ཞིག་ཡིན་པར་མངོན་པས་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ”ཞེས་བྱུང་བས། འདི་ལས་དམ་པ་ཁོང་ཉིད་དུས་རབས་བཅུ་གཅིག་པའི་མཇུག་གམ་བཅུ་གཉིས་པའི་སྟོད་དུ་བྱོན་པར་འདོད། དེ་མིན་རྒྱའི་དཔྱད་ཡིག《བོད་ཀྱི་ལོ་རྒྱུས་བསྟན་བཅོས་ལྡེའུ་ཆོས་འབྱུང》 དང《ལྡེའུ་ཆོས་འབྱུང》(བོད་ཀྱི་ལོ་རྒྱུས)འགྲེལ་པར་ཡང་ལྡེའུ་ཇོ་སྲས་དང་མཁས་པ་ལྡེའུ་གཉིས་ནི་ཁྱིམ་རྒྱུད་གཅིག་ཏུ་སྐུ་བལྟམས་པའི་ལོ་རྒྱུས་མི་སྣ་གཉིས་ལ་ངོས་འཛིན་བྱས་ཤིང་། ཇོ་སྲས་ཞེས་པ་ནི་ལོ་ན་ཆུང་བའི་དོན་ལ་གོ་ཡོད་ཅིང་། ལྡེའུ་ཇོ་སྲས་ལོ་ན་ཆུང་དུས་སུ་ཆོས་འབྱུང་བསྡུས་པ་བརྩམས་རྗེས། ཕྱིས་སུ་དེ་ལ་ཁ་གསབ་དང་འགྲེལ་པའི་ཚུལ་དུ་ཆོས་འབྱུང་རྒྱས་པ་བྱུང་བ་ཡིན་ནམ་ཞེས་དོགས་སློང་བྱས་ཡོད། གཞན་རྒན་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཆོས་འབྱུང་རྒྱས་པ་དེ་སྤྱི་ལོ1261ལོར་བརྩམས་པར་འདོད་པ་དང་། རྒན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་དུས་རབས12པའི་དུས་དཀྱིལ་ཙམ་དུ་བྱུང་བར་འདོད་པས། ཁོང་གིས་ཆོས་འབྱུང་རྒྱས་པའི་སྔོན་འགྲོར་ཡང“ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དེའི་ནང་དོན་ཡང་མཁས་པ་ལྡེའུའི་ཆོས་འབྱུང་འདི་རང་ལ་གཞིར་བཟུང་བ་མང་དུ་སྣང་བ་བཅས”ཆོས་འབྱུང་རྒྱས་པ་སྔོན་ལ་བྱུང་ཡོད་པར་གསུངས་ནའང་། འདིར《དེབ་སྔོན》སོགས་ཁུངས་ཐུབ་ཀྱི་བསྟན་བཅོས་ལས་བྱུང་བའི་དམ་པ་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་གཞིར་བཟུང་ནས་བརྟགས་ན། ལྡེའུ་ཆོས་འབྱུང་བསྡུས་པ་ནི་སྔོན་ལ་བྱུང་བ་དང་རྒྱས་པ་རྗེས་སུ་བྱུང་བར་འདོད།

གཉིས་པ། བརྗོད་བྱ་བྱེ་བྲག་ལས་སྔ་ཕྱིའི་ལོ་ཚིགས་སྡུར་བ།

བོད་ཀྱི་གནའ་རབས་ལོ་རྒྱུས་ཁག་ཏུ《ལྡེ་སྟོན་ཆོས་འབྱུང》ཞེས་པའི་ལོ་རྒྱུས་བསྟན་བཅོས་ཤིག་བྱུང་ཡོད་པ་དེ་ལྡེའུ་ཆོས་འབྱུང་རྒྱས་བསྡུས་གཉིས་ལས་གང་ཡིན་ཐད་ཐག་གསལ་པོ་ཞིག་ཆོད་མེད་ཅིང་། ཆོས་འབྱུང་རྒྱས་པའི་ལེ་ཚན་ཇ་པའི་ནང་ལུང་འདྲེན་སྐབས། ཁུ་སྟོན་གྱི་ལོ་རྒྱུས་ཆེན་པོའི་མཚམས་སུ《ལྡེ་སྟོན་ཆོས་འབྱུང》ཞེས་གསལ་པོར་འཁོད་ཡོད། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོ་དེ་བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་ཏེ། དུས་རབས་བཅུ་གཅིག་པའི་དཀྱིལ་དུ་བརྩམས་པའི་ལོ་ཚིགས་ཀྱི་ཐད་ནས་བལྟས་ན་ལྡེ་སྟོན་ཆོས་འབྱུང་ཞེས་པ་ཆོས་འབྱུང་བསྡུས་པ་ཡིན་པར་སྙམ།

ལྷག་པར་དུ་བརྗོད་བྱ་བྱེ་བྲག་ཏུ་བབས་ཏེ་བལྟས་ན། གཉའ་ཁྲི་བཙན་པོའི་བྱོན་ལུགས་ལ་བཞེད་པ་མི་མཐུན་པ་གསུམ་བྱུང་ཡོད་པ་ལས་ཆོས་འབྱུང་རྒྱས་པས་གསང་བ་བོན་ལུགས་དང་བསྒྲགས་པ་ཆོས་ལུགས་སུ་བརྗོད་ཡོད་ཅིང་། ཆོས་འབྱུང་རྒྱས་པའི་ལྕགས་དཔར་མའི་ཤོག་ངོས225ནས226བར། “དེ་ནས་ཁྲི་བདུན་མངའ་དར་སིལ་ཆད་དེ། མུ་སྟེགས་འདོད་པ་མི་གཟུང་རྗེ་ལ་རྔན་མི་སྐད་པ། སྟོད་ལྷ་རབས་ཀྱི་རྗེས་ལ་བར་མངའ་དར་དང་སྨད་གྱེས་མདོ་སིལ་ཆད་ཀྱི་ལོ་རྒྱུས་ཡོད་དེ། མུ་སྟེགས་འདོད་པ་མི་གཟུང་སྐད་པ།གསང་བ་བོན་ལུགས་སུ་གླེང་པ་ནི་མུ་སྟེགས་ལྟར་ཀ་སྡེ་དྲུག་གི་ནང་ན། ཝ་མགོ་རེ་ཐོང་ཅན་གྱི་སྡེ་པ་བྱ་བ་མགོ་ལ་ཝ་གཞུ་གོན་ནས་རེ་ཐོང་གསོད་པས་དེ་སྐད་དོ། ། རྗེ་ལ་རྔན་མ་སྒྲང་སྐད་པ། ཡང་གསང་ཐེ་བྲང་ལས་ཆད་པའི་ལུགས་རྗེའི་རྔན་ནམ་མཚང་ལེགས་པས། འོ་སྐོལ་རྨངས་ཕལ་པ་རྣམས་ཀྱིས་གླེང་ལ་མི་འཐད་པ་ལགས་སྐད་དོ། །ད་ནི་གྲགས་པ་ཆོས་ལུགས་གདུང་རྒྱུད་ལས་ཆད་པའི་ལོ་རྒྱུས་སྟོན་ཏེ”ཞེས་བཀོད་ཡོད་ལ། ཆོས་འབྱུང་བསྡུས་པ་ལས་བསྒྲགས་པ་བོན་ལུགས་གཙོར་བྱས་ནས་བརྗོད་ཡོད་པས། སྐབས་འདིའི་བོན་ནི་གཡུང་དྲུང་བོན་ལུགས་ལ་གོ་དགོས་པར་འདོད་དེ། བོན་གྱི་བསྟན་པའི་འཕེལ་འགྲིབ་ལ་བསམ་གཞིག་བཏང་ཚེ། ཆོས་འབྱུང་བསྡུས་པར་བོན་ལུགས་བསྒྲགས་དགོས་པའི་རྐྱེན་གཉིས་ཡོད་པར་སྙམ་སྟེ། གཅིག་ནི་ཆོས་འབྱུང་བསྡུས་པ་རྩོམ་དུས་ཁུངས་མཛད་སའི་བསྟན་བཅོས་དེར་བསྒྲགས་པ་བོན་ལུགས་སུ་བྱེད་པ་དང་། གཉིས་ནི་ཆོས་འབྱུང་བསྡུས་པ་མཛད་དུས་བོན་གྱི་བསྟན་པའི་ཤུགས་ཆེ་བའམ་བོན་བསྟན་རྩ་བ་ནས་བརླག་མེད་ཚོད་ཡིན་པར་སྙམ་ཞིང་། ཆོས་འབྱུང་རྒྱས་པ་ནི་རྗེས་སུ་མཛད་པར་འདོད་པས་གསང་པ་བོན་ལུགས་དང་བསྒྲགས་པ་ཆོས་ལུགས་སུ་བཀྲལ་པར་འདོད།

གཞན་ཆོས་འབྱུང་རྒྱས་བསྡུས་གཉིས་ལས་རྒྱལ་རབས་རིན་ཆེན་སྤུངས་པ་དང་གཞུང་གི་ནང་དོན་བྱུང་ཡོད་ལ། དེ་གཉིས་ཆོས་འབྱུང་རྒྱས་བསྡུས་གཉིས་ཀྱི་ཟུར་ལྟའི་དཔྱད་གཞི་གཙོ་བོར་ངོས་འཛིན་བྱ་དགོས་ཤིང་། རྒྱལ་རབས་རིན་ཆེན་སྤུངས་པ་ལག་བྲིས་མ་ལས་པར་དུ་བཏབ་པ་མཇལ་རྒྱུ་མ་བྱུང་ཡང་། འདིར་བྱུང་བའི་གཞུང་ནི《དམ་པ་ཆོས་ཀྱི་འགྲེལ་བ་རྣམ་པར་བཞག་པ་ཆེན་མོའི་འགྲེལ་བ་གསལ་བྱེད་མིག་གི་ཐུར་མ》ཞེས་པ་དེ་ཡིན་པར་འདོད་ལ། དཔེ་རྒྱུན་འདིའི་རྩ་བ་ད་ལྟ་མཇལ་དུ་མེད་ཀྱང་འགྲེལ་བ་ཤོག་ལྡེབ་བཅོ་བརྒྱད་ཀྱིས་གྲུབ་པ་ཞིག་མཇལ་དུ་ཡོད། ཆོས་འབྱུང་འདིའི་རྩ་བའི་བརྗོད་བྱ་ཡོངས་སུ་གྲུབ་རྗེས་འགྲེལ་བ་གཞི་ནས་བྱུང་བར་བལྟས་ན། 《ལྡེའུ་ཆོས་འབྱུང》ཡང་བསྡུས་པ་རྩ་བའི་རྣམ་པར་སྔོན་ལ་མཛད་རྗེས་འགྲེལ་བའི་དོད་དུ་རྒྱས་པ་དེ་མཛད་པ་མིན་འགྲོ་སྙམ།

གསུམ་པ། པར་གཞི་ལས་སྔ་ཕྱིའི་ལོ་ཚིགས་སྡུར་བ།

པར་གཞི་ནི་ནང་དོན་གཅིག་འདྲའི་ཡིག་ཚང་ལ་དཔེ་གཞི་མི་འདྲ་བ་མང་དུ་འཕེལ་ནས་དཔེ་གཞི་སོ་སོར་ངོས་འཛིན་པའི་དགོས་མཁོར་བསྟུན་ནས་བྱུང་བས་ན། 《ལྡེའུ་ཆོས་འབྱུང》ལའང་བརྗོད་བྱ་རྒྱས་བསྡུས་དང་པར་གཞི་སྣ་ཚོགས་སུ་སྣང་། ད་ལྟ་ང་ཚོས་མཐོང་བའི《ལྡེའུ་ཆོས་འབྱུང》རྒྱས་པ་ཡི་མ་ཡིག་ནི། ལྔ་བ་ཆེན་མོའི་སྐབས་སུ་འབྲས་སྤུངས་དགོན་པར་ཡོད་པ་ད་ཆར་ལྷ་ས་གྲོང་ཁྱེར་གྱི་སྲིད་གྲོས་རིག་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དུ་ཉར་ཡོད་ཅིང་། ལག་བྲིས་མ་དེ་དུས་རབས14པའི་ནང་དུ་ཆ་ཡོངས་སུ་རྫོགས་པར་བྲིས་ཚར་བར་སྣང་། སྐབས་དེར་ཆོས་འབྱུང་རྒྱས་པ་དེ་གླེགས་བམ་གྱི་གཟུགས་སུ་གྲུབ་པའི་དུས་ལ་ངོས་བཟུང་ན། ལག་བྲིས་མ་དེར་ཟུར་ལྟའི་མ་ཕྱི་ཞིག་ཡོད་པ་ཡང་ཞར་ལ་རྟོགས་ནུས། དེ་ལྟར་ན་ལག་བྲིས་ཀྱི་མ་ཕྱི་དུས་རབས14པའི་ཡན་དུ་བྱུང་བ་སྨོས་མ་དགོས་པས། ཕལ་ཆེར་དུས་རབས12པ་ནས13པའི་བར་ལ་བྱུང་བར་འདོད་ཅིང་། མ་ཕྱི་མཛད་པའི་དུས་ཀྱི་ངོས་འཛིན་འདི་ལྟར་བཞག་ན་གོང་དུ་བརྗོད་པའི་ལྡེའུ་ཇོ་སྲས་ཀྱི་འཁྲུངས་འདས་ལོ་ཚིགས་དང་མཉམ་དུ་བསྡུར་ན། དུས་སྐབས་གཅིག་ཏུ་ཁེལ་ཞིང་ཆོས་ཉིད་དང་འགལ་བའི་གནད་དོན་མེད་མོད། ད་སྔ་ཆོས་འབྱུང་བསྡུས་པ་དེའི་མ་ཡིག་རྙེད་སོན་མ་བྱུང་བ་སོགས་ཀྱི་དབང་གིས། མཁས་པ་གཞན་གྱི་དཔྱད་འབྲས་དག་གཞིར་བཟུང་ནས་དཔགས་པ་ཙམ་མོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1