རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ལོན།

རྩོམ་སྒྲིག་པ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 08-17



        རྫོགས་ལྡན་དབྱར་གྱི་དུས་ཚིགས་བཟང་བོ་འདིར་རྨ་ཆུའི་རྩྭ་ཐང་ཆེན་མོ་མཛོད་དགེ་རྫོང་དུ་ཆས་ཏེ། མིག་གིས་རྒྱང་ལ་གཟིགས་ན་སྔོ་ལྗང་གཡུ་ཡི་རྦ་རླབས་འཕྱུར་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བ། རྩྭ་ཆུ་གཉིས་ཀ་འཛོམས་པས་རི་ཆུ་མཉམ་གནས་དང་སྦགས་མེད་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཐང་ག་ལེགས་པར་བཞེངས། རྒྱལ་ལམ213པ་དང248པ། 217པ། 345པ་བཅས་ཀྱི་འགྲམ་རྒྱུད་ཀྱི་མཛོད་དགེ་རྫོང་གི་འདོར་བསྐྱུར་གཏེར་རིའི་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ལོན་ཏེ། རྩྭ་ལྗང་ཚོམ་བུར་སྐྱེས་ཤིང་གནོད་པ་ཐེབས་པའི་ལྡེབས་ངོས་ཀྱི་སྐྱེ་སྟོབས་སླར་ཡང་གསོས་བྱུང་།


        རང་བྱུང་གི་ས་གཤིས་འགྱུར་ལྡོག་གམ་ཡང་ན་སྔོན་ཆད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དབང་གིས་ས་འོག་གི་བྲག་རྡོ་ཐང་ལ་བུད་དེ། ལྡེབས་ངོས་གཟར་ལ་ས་རྒྱུ་ཞན་པ། སྔོ་ཁེབས་མེད་པ་བཅས་ཀྱི་ཁྱད་ཆོས་མངོན་པས། རྩྭ་ཐང་གི་མཛེས་ལྗོངས་ལ་ངན་རྐྱེན་བཟོས་པར་མ་ཟད། སྐྱེ་ཁམས་མ་ལག་གི་སྤྱི་ཁོག་རང་བཞིན་ལའང་ངན་རྐྱེན་ཚབས་ཆེན་བཟོས། མཛོད་དགེ་རྫོང་གིས་སྔོ་ཁེབས་སླར་གསོའི་བྱེད་ཐབས་གསར་གཏོད་སྒོས། བེ་ཏའི་ཚི་སྣས་བཟོས་པའི་བེ་གདན་ནང་འདྲེན་བྱས་ཏེ། རྩྭ་ཐང་དུ་ས་འོག་གི་བྲག་རྡོ་ཐང་ལ་བུད་པའི་ཁག་ལ་བེ་གདན་བཏིངས།


        ཐང་སྐོར་གྲོང་རྡལ་སྐར་མ་སྡེ་བའི་སྐྱེ་ཁམས་བཅོས་སྐྱོང་རྟེན་གཞིར། སྔོན་ཆད་ཐང་ལ་བུད་པའི་ས་འོག་གི་བྲག་རྡོ་དག་ལ། ད་ལྟ་སྔོ་ལྗང་གི་ན་བཟའ་གསར་བ་བཀླུབས་པས་རྩྭ་ལྗང་གི་གསོན་ཤུགས་སླར་ཡང་རྒྱས།


        མཛོད་དགེ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་ལས་སྒྲུབ་མི་སྣ་པི་ཧུང་པིན་གྱིས་བཤད་རྒྱུར། འདི་འདྲའི་ལྡེབས་ངོས་གཟར་བོར་དམིགས་ཏེ། ང་ཚོས་རྒྱུན་པར་དྲ་འཐེན་གཏོར་འདེབས་རྣམ་པ་སྤྱད་ཅིང་། མཇུག་མཐར་བེ་གདན་བཏིངས་ཏེ་སླར་གསོའི་སྤུས་ཀ་འགན་བླངས་པ་ཡིན་ཟེར།


        སྲིད་པའི་གཏམ་དཔེར་རྩྭ་འདེབས་ཀྱིས་སྐར་གསུམ་ཟིན་ལ་བདག་སྐྱོང་གིས་སྐར་བདུན་ཟིན་ཟེར་བ་ལྟར། བདག་སྐྱོང་ལེགས་མིན་གྱིས་ཐད་ཀར་སྔོ་ཁེབས་སླར་གསོའི་ཕན་འབྲས་ལ་ཤུགས་རྐྱེན་བཟོ།

        ད་ལྟ་བདག་སྐྱོང་དུས་རིམ་དུ་ཁེལ་བས། སྔོ་ལས་ས་ཁོངས་ཚང་མར་ར་སྐོར་བརྒྱབ་ཡོད། དེས་ན་བདག་སྐྱོང་ཐད་ནུས་ལྡན་གྱི་བྱེད་ཐབས་གང་དག་སྤྱད་ཡོད་ཟེར་ན།


        སྲོལ་རྒྱུན་གྱི་མིས་འདེབས་ཐབས་ལམ་དེ་ལྡེབས་ངོས་གཟར་ཚད་ཆེ་བ་དང་སྐྱེ་བའི་ཁོར་ཡུག་ཞན་པའི་ཁུལ་ལ་མི་འཚམས་པས། དེའི་ཕན་འབྲས་ཀྱང་བཟང་རྒྱུ་མེད། དེར་བརྟེན་དྲ་འཐེན་གཏོར་འདེབས་རྣམ་པ་སྤྱད་པས་སྐྱེ་ཁམས་སླར་གསོའི་ཕན་འབྲས་ལོན། དཔལ་སྐྱིད་གྲོང་རྡལ་སྟོད་མ་སྡེ་བར་སྔོ་ལས་མི་སྣས་གཏོར་འདེབས་ལས་ཀ་སྒྲུབ་བཞིན་ཡོད།

         སྔོ་ལས་ཚན་པའི་དོ་དམ་མི་སྣ་ཧོ་ཞའོ་ལུང་གིས་གསར་འགོད་པར་བཤད་རྒྱུར། ང་ཚོས་ད་ལྟ་གཏོར་འདེབས་ལས་ཀ་ཐེངས་གཉིས་པ་ལས་བཞིན་ཡོད། དེ་སྔར་གཏོར་འདེབས་ལས་ཀ་ཐེངས་གཅིག་ལས་ཡོད། ད་དུང་གཏོར་འདེབས་ལས་ཀ་ཐེངས་གསུམ་པ་ལས་དགོས། དེ་ལྟར་ཐེངས་འགའ་ཞིག་བྱེད་དོན་ནི་གཏོར་འདེབས་ཀྱི་མཐུག་ཚད་འགན་བླངས་ཏེ། སྐྱེ་ཁམས་སླར་གསོའི་ཕན་འབྲས་ལོན་ཆེད་ཡིན་ཟེར།


        གཏོར་འདེབས་ལས་ཀའང་གཟབ་ནན་ཆེ་བའི་ལས་ཀ་ཞིག་ཡིན་པས། རྒྱུ་ཆ་སྣ་ཚོགས་ནང་དུ་བསྲེས་ཏེ་ལས་གཞིའི་ཕན་འབྲས་ལོན་པར་འབད་དགོས།

        སྔོ་ལས་ཚན་པའི་དོ་དམ་མི་སྣ་ཧོ་ཞའོ་ལུང་གིས་བཤད་རྒྱུར། ང་ཚོའི་གཏོར་འདེབས་ཀྱི་རྒྱུ་ཆ་ཁྲོད་ས་རྒྱུ་འདུས་ཡོད་པར་མ་ཟད།   རྩྭའི་ཚི་སྣ་དང་སྐྱེ་ལྡན་ལུས་རྫས། འབྱར་རྫས་དང་རྩྭ་སོན་སོགས་འདུས་ཡོད་ཟེར།

        ལྡེབས་ངོས་ཇི་ལྟར་གཙང་མར་བཟོ་བ་དང་ས་ཇི་ལྟར་འགེབ་པ། ས་རྒྱུ་ཇི་ལྟར་སྐྱེད་སྲིང་བྱེད་པ། སྔོ་ཁེབས་ཇི་ལྟར་བདག་སྐྱོང་བྱེད་པ་སོགས་ལ་དམིགས་ཏེ། རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ལས་འགན་ལེགས་པར་ཁུར་ཏེ། ལྡེབས་ངོས་གཙང་བཟོ་དང་དྲ་འཐེན་གཤེར་གཏོར། ས་སློག་རྩྭ་འདེབས། ས་རྒྱུ་སྐྱེད་སྲིང་། རྩྭ་ཡོལ་འདིང་བ་སོགས་ཀྱི་ལས་གཞིའི་ཞིབ་བཤེར་རྩིས་ལེན་ལས་དོན་ནན་གྱིས་བསྒྲུབས་ཏེ། རྣམ་གྲངས་དེར་སྔོ་ཁེབས་སླར་གསོ་དང་སྐྱེ་ཁམས་སླར་གསོའི་ཕན་འབྲས་ངོ་མ་ལོན་དུ་བཅུག


        རྒྱུས་ལོན་པ་ལྟར་ན། རྨེ་ཆུའི་ས་གཤིས་ཁོར་ཡུག་སྐྱེ་ཁམས་སླར་གསོའི་མཛོད་དགེ་རྫོང་གི་ལོ་རྒྱུས་ཀྱི་བཤུལ་ལུས་གཏེར་རིའི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཆུང་ངུ་དེ་ནི། སྟག་ཚ་གྲོང་རྡལ་དང་བཞག་ལྡོམ་གྲོང་རྡལ། དཔལ་སྐྱིད་གྲོང་རྡལ། ཨ་སྐྱིད་གྲོང་རྡལ། བབ་བཟོ་ཡུལ་ཚོ། རྨེ་ཆུ་ཡུལ་ཚོ། བྱམས་མེ་གྲོང་རྡལ། ཐང་སྐོར་གྲོང་རྡལ་བཅས་ཡུལ་གྲོང8དང་འབྲེལ་ཡོད། སྔོ་ཁེབས་སླར་གསོའི་ལས་གཞི་སྤེལ་བ་བརྒྱུད། སྤང་རྩྭའི་རྒྱ་ཁྱོན་ཕལ་ཆེར་མུའུ1785དང་ནགས་སའི་རྒྱ་ཁྱོན་ཕལ་ཆེའི་མུའུ105གསར་དུ་འཕར་ཞིང་། རྣམ་གྲངས་ལག་བསྟར་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་འགྱུར་དང་སླར་གསོ་ནུས་ལྡན་བྱུང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་གི་མཐུན་སྦྱོར་ལ་སྐུལ་འདེད་ནུས་ལྡན་བཏང་བས། སྐྱེ་ཁམས་ཁོར་ཡུག་གི་འཁོར་རྒྱུག་ཇེ་བཟང་དུ་སོང་ཞིང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་འཚོ་སྐྱེས་ཁོར་ཡུག་ལ་ལེགས་འགྱུར་ཆེན་པོ་བྱུང་བར་མ་ཟད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱུང་སྟེ། སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་ལ་སྣ་མང་ཅན་གྱི་འཚོ་སྐྱེས་ཁོར་ཡུག་འདོན་སྤྲོད་གནང་བས། མཛོད་དགེ་རྫོང་གི་སྐྱེ་ཁམས་ཀྱི་ཐེག་ནུས་དང་ཕྱོགས་བསྡུས་སྐྱེ་ཁམས་ནུས་ཆོད་མངོན་གསལ་གྱིས་ཇེ་ཆེར་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1