ལི་ཐང་རྫོང་གིས་ལོ6རིང་ལ་བྱེ་འགྱུར་ས་ཁུལ་མུའུ་ཁྲི7ལྷག་ལྗང་སྒྱུར་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-21



ཡུལ་སྐོར་པ་ཚོས་འཛམ་པ་ལྷའི་མེ་ཏོག་གི་རྒྱ་མཚོ་ནང་དུ་ཡུལ་སྐོར་བྱེད་བཞིན་པ།

བྱེ་འགྱུར་བཅོས་སྐྱོང་རྣམ་པ།

བཅོས་སྐྱོང་རྗེས་སུ་ཡང་བསྐྱར་རྩྭ་སྐྱེས་པའི་རྣམ་པ།


        ལི་ཐང་རྫོང་གི་ཆ་སྙོམས་ས་བབ་སྨི4300ཟིན་ཞིང་ཆ་སྙོམས་གནམ་གཤིས་དྲོད་ཚད3℃ཡིན་པས། དགུན་རིང་ཞིང་ཉི་ཐག་རིང་བ། རླུང་ཆེ་ཞིང་གནམ་གཤིས་སྐམ་པ། གཞན་ཡང་ཨ་བྲའི་གནོད་འཚེ་ཐེབས་པས་རྩྭ་ཐང་ཞན་འགྱུར་ཉིན་བཞིན་ཚབས་ཆེན་དུ་གྱུར། གྲོང་ཚོ་དང་ཤང་། རྫོང་བཅས་ཀྱི་གསོ་སྤེལ་ཁྱིམ་ཆེན་ཡིན་པའི་བློ་བཟང་ཚེ་རིང་གིས་རྩྭ་ནི་འབྲོག་པའི་འབྲི་གཡག་གསོ་བའི་རྩ་བ་ཡིན་པ་སྔར་ལས་ཤེས་ཡོད་པས། ལོ་འགའི་སྔོན་ནས་སྔོན་ཆད་ཀྱི་རྩྭ་ར་བྱེ་འགྱུར་བྱེད་བཞིན་པ་མཐོང་ནས་སེམས་ཁུར་ཡང་མང་དུ་སོང་། 

        2019ལོར་སི་ཁྲོན་ཞིང་ཆེན་གྱི་བྱེ་འགྱུར་ལྟ་ཞིབ་ཚད་འཇལ་ཁུལ་ཡིན་པའི་མཐོ་རིགས་གྲོང་ཚོ་དེ་བྱེ་འགྱུར་བཅོས་སྐྱོང་ལས་གཞི་ནང་བཞག་པས། བློ་བཟང་ཚེ་རིང་དང་འདྲ་བའི་ཁྱིམ་ཚང100ལྷག་གི་འབྲོག་མིརྣམས་ཀྱིས་རེ་བ་ཉག་ཅིག་མཐོང་། 2008ལོ་ནས་ས་བབ་མཐོ་སའི་བྱེ་འགྱུར་བཅོས་སྐྱོང་འཚོལ་ཞིབ་བྱེད་མགོ་བརྩམས་པའི་ལི་ཐང་རྫོང་ནགས་རྩྭ་སྡེ་ཚན་གྱིས་ངེས་གཏན་མེད་པའི་བྱེ་ས་དང་གཏན་ཁེལ་ཕྱེད་ཀའི་བྱེ་ས། གཏན་ཁེལ་བྱེ་ས། ཕྱི་རོལ་དུ་མངོན་པའི་བྱེ་ས་རིགས་ལ་ཁ་གཏད་དེ་བྱེ་འགོག་གྱང་དང་བྱེ་ས་གནས་སྤོས་བྱེད་ཐབས། བྱེ་འགོག་སྒྲིག་བཀོད། རྩྭ་འདེབས་འཛུགས། ར་སྐོར་གསོ་སྤེལ་བཅས་ཀྱི་ལག་རྩལ་བྱང་ཆུབ་པ་ལྔ་ཁྱབ་གདལ་བཏང་། 

        དཔེ་སྟོན་བཟོ་སྐྲུན་ལས་གཞི་ཡིན་པའི་ཆ་ནས། འབྲོག་མི་ཚོས་ངལ་ལས་ཀྱི་རྣམ་པས་བྱེ་འགྱུར་བཅོས་སྐྱོང་ལས་གཞིར་ཞུགས་པ་དང་། བློ་བཟང་ཚེ་རིང་སོགས་ཀྱི་འབྲོག་མི་ཚོས་སྒོར་ཁྲི320ཡི་ངལ་ལས་ཡོང་འབབ་ཁྱེར་ཡོང་བ་དེས་མང་ཚོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོང་གི་ཧུར་སེམས་བསྐྱེད་པས་རོང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས།         “འབྲོག་མི་བྱེ་འགྱུར་བཅོས་སྐྱོང་ལས་གཞིར་དངོས་སུ་ཞུགས་པས། བྱེ་འགྱུར་འགོག་བཅོས་ཤེས་བྱའི་ནུས་བ་ཁྱབ་གདལ་དུ་ཕྱིན་པ་དང་། ས་གནས་འབྲོག་མིས་བྱེ་འགྱུར་བཅོས་སྐྱོང་ལས་ཐོན་པའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཤེས་རྟོགས་བྱུང་བར་མ་ཟད། བྱེ་འགོག་ཧུར་སེམས་ཀྱང་བསྐྱེད་པ་རེད”ཅེས་མཐོ་རིགས་གྲོང་ཚོའི་ཀྲུའུ་པུའུ་ཧྲུའུ་ཅི་བློ་དབང་གིས་དེ་ལྟར་བརྗོད། གྲོང་ཚོ་རུ་བཅོས་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་མི་སྣ་བཀོད་སྒྲིག་བྱས་པ་དང་། དོ་དམ་སྲུང་སྐྱོང་གན་རྒྱ་བཙུགས་པས་ཕྱུགས་ཟོག་གིས་རྨིག་པས་བརྫིས་པ་དང་མིའི་གནོད་འཚེ་ཚོད་འཛིན་ནན་མོ་བྱས་ནས། སྔོ་ཁེབས་བརྟན་བརླིང་སླར་གསོ་འབྱུང་བའི་ཁོར་ཡུག་ལ་འགན་སྲུང་བྱས།

        མཐོ་རིགས་གྲོང་ཚོས་བྱེ་འགྱུར་ས་ཁུལ་མུའུ15400བཅོས་སྐྱོང་བྱས་རྗེས། ལོ་གསུམ་རིང་གི་དོ་དམ་སྲུང་སྐྱོང་རིང་ལ་སྤྱི་ཆིངས་རེའི་ལོ་རེར་བྱེ་འདམ་ཤོར་ཚད་ཏུན4.65ཉུང་དུ་ཕྱིན་པ་དང་། ཆ་སྙོམས་སྤྱི་ཆིངས་རེའི་ལོ་གཅིག་གི་ཆུ་གསོག་ཚད་ཏུན20.85མང་དུ་ཕྱིན་པས་ལོ་རེར་བྱེ་འདམ་ཤོར་ཚད་ཏུན10540ཉུང་དུ་ཕྱིན་ནས་ལོ་རེར་ཆུ་གསོག་ཚད་ཏུན47260མང་དུ་ཕྱིན་པས། ས་གནས་བྱེ་སའི་སྔོ་ཁེབས་སྐྱེ་ཁམས་མ་ལག་འཛུགས་པ་དང་། བྱེ་འགྱུར་གནས་ཚུལ་ལེགས་སུ་བཏང་ནས་རྩྭ་ཐང་སླར་གསོ་དང་སྲུང་སྐྱོང་ལ་སྐུལ་འདེད་བྱས། 

        རྒྱལ་ལམ227འགྲམ་རྒྱུད་དེ་ནི་འབྲི་ཆུའི་འབབ་རྒྱུད་སེམས་ཀྱི་ཉི་ཟླ་ཆེན་མོའི་རྒྱལ་སྤྱི་ཡུལ་སྐོར་ས་ཁུལ་རྩེ་གྲ་དང་ཡབ་ཆེན་ལ་དུས་ཚོད་གཉིས་ལ་སྐོར་བ་ཡུལ་སྐོར་ས་ཁུལ་ཁྱབ་ཁོངས་ཀྱི་ལྟེ་གནས་སུ་ཆགས་པ་དང་། ཧེའུ་ཙི་ཧྲན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དང་ཉེ་བས་ས་གཤིས་ལེགས་ཤིང་འགྲིམ་འགྲུལ་སྟབས་བདེ་ཡིན་པའི་ཚོ་གསུམ་ཤང་ནི་སྔོན་ཆད་གྲོང་ཚོ་ཧྲིལ་པོའི་དབུལ་ཕོངས་ཁྱོན་ཆེ་ཞིང་དབུལ་ཕོངས་གཏིང་ཟབ་པ། དབུལ་སྐྱོར་མ་རྩ་མཐོ་བ། དབུལ་སྐྱོར་འཛུགས་སྐྲུན་རྨོངས་ཆ་མང་བ། དབུལ་ཕོངས་བསྐྱར་ལོག་བྱུང་ཚད་མཐོ་བ་སོགས་ཀྱི་རྐྱེན་གྱིས་ལྷ་འགོ་གྲོང་ཚོའི་རོང་འབྲོག་མང་ཚོགས་ཀྱི་དབུལ་ཐར་གོམས་སྟབས་མངོན་གསལ་ཇེ་དལ་དུ་སོང་ཞིང་དཀའ་ངལ་མང་པོ་དང་འཕྲད་པ་རེད། 

        2017ལོ་ནས་བཟུང་། ལི་ཐང་རྫོང་གིས་ཡུལ་སྐོར་སྐྱེ་ཁམས་སླར་གསོ་ནང་བཞག་སྟེ་ཡུལ་སྐོར་དབུལ་སྐྱོར་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། ཁྱད་ལྡན་ཡུལ་སྐོར་ཐོན་ལས་བཏོད་དེ་ལྷ་འགོ་གྲོང་ཚོའི་བྱེ་འགྱུར་མུའུ800མེ་ཏོག་ས་ཁུལ་དུ་བཏང་བར་མ་ཟད། ཆ་འགྲིག་སྒྲིག་བཀོད་ཡུལ་སྐོར་རླངས་འཁོར་འདུག་ས་དང་། མེ་ཏོག་གྲོང་ཚོའི་ཡུལ་སྐོར་པ་སྣེ་ལེན་བྱེད་ས། སྐྱེ་ཁམས་ཡུལ་སྐོར་གསེང་སྤྱོད་སོགས་ཀྱི་ཞབས་ཞུ་འདུས། གཞན་ཡང་གྲོང་ཚོའི་རྣམ་པ་བཅོས་སྐྱོང་ལས་དོན་སྤེལ་ཏེ“གནའ་ལམ་ས་ཚིགས་དང་། འབྲོག་མིའི་ཞིང་ཁམས”ཞེས་པའི་འབྲོག་ཁུལ་འཚོ་བ་རོལ་མྱོང་ཁུལ་དང་སྐོར་བྲོ་ཐང་ཆེན། ཁྱད་ལྡན་སྦྲ་གུར་མགྲོན་ཁང་སོགས་ཀྱི་ཡུལ་སྐོར་ལས་གཞི་ཁ་སྣོན་བྱས། 

        ལོ50ཡིན་པའི་གྲོང་མི་བསྟན་པ་ཉི་མས་མེ་ཏོག་རྟེན་གཞི་རུ་འདེབས་འཛུགས་དང་དོ་དམ་གྱི་ལས་ཀ་གཉེར་བཞིན་ཡོད་ལ། ཟླ་རེར་སྒོར2000ཡོང་འབབ་ཡོད་པར་མ་ཟད། ཁོ་རང་ཡིད་ཚིམ་པ་ཞིག་ནི་ལས་ཀ་ཡང་ལ་ཐག་རིང་དུ་འགྲོ་མི་དགོས་པ་དེ་ཡིན། “ཞིང་ཁྱིམ་ཡུལ་སྐོར་མགྲོན་ཁང་དུ་སྒྱུར་བ་དང་ཁྱིམ་ཚང་མགྲོན་ཁང་དུ་སྒྱུར་བའི”དམིགས་ཚད་གཙོ་བོར་བཟུང་ནས། ལས་གཏོད་ཀྱིས་ལས་ཞུགས་སྣེ་ཁྲིད་པས་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཡུལ་སྐོར་ཞབས་ཞུ་ནང་ཞུགས་པར་སྐུལ་མ་བྱས་ཤིང་། ཡུལ་སྐོར་ཞབས་ཞུའི་དངོས་གཉེར10ལྷག་གསར་སྐྲུན་བྱས་པ་དེས་མཐའ་སྐོར་གྱི་གྲོང་རྡལ6ཁྱད་ལྡན་གྱི་ཐོན་རྫས་ཕྱིར་འཚོང་ཐུབ་པར་གྱུར། ཆེད་དོན་ཡུལ་སྐོར་ཞབས་ཞུའི་གསོ་སྦྱོང་ཐེངས1000ལྷག་སྤེལ་བས་ས་གནས་དུས་ཚིགས་རང་བཞིན་གྱི་འགྲེལ་བརྗོད་མི་སྣ50གསོ་སྐྱོང་བྱས། ལྗོངས་ཁུལ་སྟེགས་བུར་བརྟེན་ནས་གཏན་ཁེལ་ལས་ཞུགས་མི100ལྷག་ཟིན་པ་དང་དུས་ཚིགས་རང་བཞིན་གྱི་ལས་ཞུགས་མི་ཐེངས་ཁྲི1.2སླེབས་ཡོད།

        ལྷ་འགོ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དགའ་དགའ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། འཛམ་པ་ལྷ་མེ་ཏོག་གི་རྒྱ་མཚོའི་ལྗོངས་ཁུལ་འཛུགས་སྐྲུན་དང་གནད་ཁེལ་དབུལ་སྐྱོར་ཡུལ་སྐོར་ཐོན་ལས་ཚན་རིག་དང་ལྡན་པའི་ངང་ཟུང་འབྲེལ་བྱས་པ་བརྒྱུད། ལྷ་འགོ་གྲོང་ཚོ་སྔ་མོ་ནས་དབུལ་ཐར་བྱུང་བར་མ་ཟད་ཞིང་ཆེན་རིམ་པའི་དབུལ་སྐྱོང་དཔེ་སྟོན་གྲོང་ཚོ་དང་། ཁྲེང་ཏུའུ་ཡུལ་སྐོར་གྲོང་ཚོ་མིང་གྲགས་ཅན་དུ་གྱུར་ནས་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་སྣེ་ཁྲིད་བྱས་ནས་མི་རེར་ཡུལ་སྐོར་ཡོང་འབབ་སྒོར3500འཕར་སྣོན་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1