ཕག་མོ་རིའི་མཛའ་གཞས་ཐང་དུ་སྟོན་པའི་སྐུ་ཐང་ཆེན་མོ་བཤམས་པའི་མཛད་སྒོ་སྤེལ་བཞིན་པ།
བོད་ཟླ་4པ་ནི་དུས་ཆེན་གསུམ་འཛོམས་ཀྱི་ས་ག་ཟླ་བ་ཡིན་ཞིང་། སྤྱི་ཟླ་5པའི་ཚེས་25ཉིན་དར་མདོར་ཕག་མོ་རིའི་གནས་སྐོར་འདུ་ཚོགས་འཛུགས་གཉེར་བྱས་པ་རེད། ཉིན་དེར་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་མི་ཁྲི་ལ་ཟིན་པ་དར་མདོའི་ཕག་མོ་རི་ལ་འཛོམས་པ་རེད། སྔ་དྲོའི་ཆུ་ཚོད་9པའི་ཐོག་དར་མདོ་རྫོང་ལྔ་མཆོད་དགོན་དང་ལྷ་མོ་རྩེ་དགོན་པའི་གྲྭ་བཙུན་གདན་འདྲེན་ཞུས་ནས་ཕག་མོ་རིའི་མཛའ་གཞས་ཐང་དུ་སྟོན་པའི་སྐུ་ཐང་ཆེན་མོ་བཤམས་པའི་མཛད་སྒོ་སྤེལ་རྗེས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། འཁྲུད། དགའ་ལྡན་ལྷ་རྒྱལ་མའི་རབ་གནས། བླ་མའི་ཞབས་བརྟན། གསོལ་འདེབས་བཀྲ་ཤིས་གཡང་བསྡུས་སོགས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་རེད། ཕྱི་དྲོའི་ཆུ་ཚོད་2པའི་ཐོག་མཛའ་གཞས་ཐང་ཆེན་དུ་དར་མདོའི་4པའི་ཚེས་8ཉིན་གྱི་ཕག་མོ་རིའི་གནས་སྐོར་འདུ་ཚོགས་ཀྱི་མང་ཚོགས་རིག་རྩལ་འཁྲབ་སྟོན་བྱས་ཡོད། རིག་རྩལ་འཁྲབ་སྟོན་འདི་འཆམ་མཐུན་གྱི་ཤིས་བརྗོད། གནས་སྐོར་དང་ཆུ་སྐོར། མཛའ་བརྩེའི་མེ་ཏོག་བཞད་པ་བཅས་ལེ་ཚན་བཞི་ལ་བགོས་ཡོད་ཅིང་། སི་ཁྲོན་མི་རིགས་སློབ་གླིང་དང་དཀར་མཛེས་ཁུལ་ཟློས་གར་ཚོགས་པ། དཀར་མཛེས་སྒྱུ་རྩལ་ཚོགས་པ། དར་མདོའི་རྒན་རྒོན་བྱེད་སྒོ་ལྟེ་གནས། དར་མདོ་རྫོང་སྨད་པ་ཤང་སོགས་ནས་འོངས་པའི་གླུ་པ་དང་གླུ་མ། རིག་རྩལ་འཁྲབ་སྟོན་པ་ཚོས་སྙན་ཞིང་འཇེབས་པའི་གླུ་དབྱངས་དང་། དུས་རབས་ཀྱི་འཕེལ་ཕྱོགས་མཚོན་ལ་ཞབས་བྲོའི་སྒེག་ཉམས་ཀྱིས་ཕྱུག་པའི་རིག་རྩལ་འཁྲབ་སྟོན་དག་ལྟད་མོ་བ་ཚོར་ཕུལ་ཡོད། །