ར་ས། ལྷ་སའི་མིང་རྙིང་།
རྩང་། གཙང་གི་འབྲི་སྲོལ་གཞན་ཞིག་སྟེ། དེང་སྐབས་སྤྱིའི་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མངའ་ཁོངས་རྣམས་ཡིན།
གུ་གེ སྔ་རབས་ཞང་ཞུང་རྒྱལ་པོའི་མངའ་རིས་ཏེ། དེང་གི་མངས་རིས་ས་ཁུལ་རྩ་མདའ་རྫོང་དུ་ཡོད།
ཁྱུང་ལུང་རྡུལ་མཁར། དེང་སང་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་དུ་ཡོད།
ཕྱིང་བ། དེང་སང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་ཡོད།
བ་ལམ། དེང་སང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སྐྱིད་ཆུའི་ལྷོ་ངོས་སུ་ཡོད།
གློ་བོ། དེང་སང་ཀོང་པོ་ཉིང་ཁྲི་ས་གནས་མེ་ཏོག་རྫོང་ལྟེ་བར་བྱས་པའི་དེ་གའི་ཉེ་ཁུལ་གྱི་ས་ཆ་རྣམས་ཡིན་པར་མཁས་པ་འགས་བཞེད།
ཤངས། དེང་སང་གཞིས་རྩེ་གྲོང་ཁྱེར་ཁོངས་རྣམ་གླིང་རྫོང་ཁོངས་ཀྱི་ས་ཆ་ལ་ཟེར།
འོ་ཡུལ། དེང་སང་གི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་སུ་ཡོད་པའི་འུ་ཡུག་ཅེས་པ་དེ་ཡིན།
འོན། དེང་སང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་འོན་ཆུད་ཀྱི་མངའ་ཁོངས་རྣམས་ཡིན་པར་མཁས་པ་འགས་བཞེད།
འ་ག་ཚལ། དེང་སང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་འོན་ཆུད་བྱ་བའི་ས་ཆར་ཡོད་པ་མཁས་པ་འགས་བཞེད།
ཕང་དང་། དེང་སང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུད་ཁོངས་ཕོ་བྲང་ཤང་གི་འཕང་ཐང་གྲོང་ཚོ་ཞེས་པ་དེ་ཡིན།
སྙིང་དྲུང་། དེང་སང་གི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་ཀྱི་སྙིང་དྲུང་ཤང་ཞེས་པ་དེ་ཡིན།
ཡར་ལུངས། དེང་སང་གི་བྱང་རྩེད་ཐང་ལ་བརྩི། ཤར་ལྷོ་གངས་རི་ཡར་ལྷ་ཤམ་པོ་ཙམ་ལ་བྱས། ལྷོ་ནུབ་འཕྱོངས་རྒྱས་ཕུ་མདའ་ཙམ་ལ་ཐུག་པའི་ས་ཁུལ་རྣམས་ཡིན་པར་མཁས་པ་འགས་བཞེད།
མྱང་རོ་ཤམ་པོ། དེང་སང་གི་གཞིས་རྩེ་གྲོང་ཁྱེར་ཁོངས་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་གྱི་ཁུལ་རྣམས་ཡིན་པར་མཁས་པ་འགས་བཞེད།
མྱང་རོ་ཕྱེད་ཀར། དེང་སང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཁོངས་ནོར་ཁྱུང་ཤང་གི་ཕྱ་དཀར་གྲོང་ཚོ་དེ་ཡིན་པར་མཁས་པ་འགས་བཞེད།
ཏི་སེ་གངས། དེང་སང་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་ཡོད་པའི་གངས་རི་ཞིག་གི་མིང་སྟེ། ཡོངས་གྲགས་སུ་གངས་རིན་པོ་ཆེ་ཟེར།
ཤ་མྱེད་གངས་དཀར། དེང་སང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཤར་བྱང་དུ་ཡོད་པའི་ལྷ་བུ་གངས་དཀར་བྱ་བའི་གངས་རི་དེའི་མིང་ཡིན།
ཡར་ལྷ་ཤམ་པོ། དེང་སང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཁོངས་ཆོས་སྡེ་གོང་ཤང་ནང་ཡོད་ཅིང་། སྣེ་གདོང་རྫོང་དང་ལྷུན་རྩེ་རྫོང་གཉིས་ཀྱི་ས་མཚམས་རི་བོ་ཞིག་ཡིན།
ཡར་ཆབ། ཡར་ཀླུང་གཙང་པོའི་མིང་རྙིང་།
རྩང་ཆུ། དེང་སང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཁང་དམར་དང་། རྒྱལ་རྩེ། པ་སྣམ་སོགས་བརྒྱུད་ནས་ཡར་ཀླུང་གཙང་པོར་བབས་པའི་མྱང་ཆུ་ཞེས་པ་དེ་ཡིན།
བོད་ཀ་གཡག་དྲུག ཡུལ་ཡར་ལུང་གི་མིང་རྙིང་ཞིག
ཡར་ལུངས་པྱིང་ལུངས། དེང་སང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཡོད་ས་དེ་ཡིན།
ཡར་ཆུ་སྔོན་པོ། བོད་ཡུལ་ས་མཐོའི་ཐོག་ནས་འབབ་པའི་ཆུ་བོ་ཆེ་ཤོས་ཡར་ཀླུང་གཙང་པོའི་མིང་རྙིང་གཞན་ཞིག
ལྷ་རི་གྱང་དོ། རྩེད་ཐང་གི་ལྷོ་ནུབ་ངོས་དེང་སང་བཙན་ཐང་ལྷ་རི་ཞེས་འབོད་པ་དེ་ཡིན་པར་མཁས་པས་བཞེད།
འཕན་ཡུལ། འཕན་པོ་ཡང་ཟེར། དེང་སང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོ་ངན་ཆུ་རྒྱུག་ཁུལ་གྱི་ས་ཁུལ་རྣམས་ཡིན།
ངས་པོ། དེང་སང་གི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་སུ་ཡོད་པའི་འཕན་པོ་བྱ་བའི་ཡུལ་གྱི་མིང་རྙིང་།
ངས་པོའི་ཁྲ་གསུམ། དེང་སང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོ་ངན་ཆུ་རྒྱུག་ཁུལ་དུ་ཡོད།
ཚང་བང་སྣ། དེང་སང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་མདོ་ཆོད་ཤང་ཕོ་བྲང་སྒང་སྟེ། ད་ལྟ་སྒྲ་ཟུར་ཆག་ནས་ཕོ་ར་སྒང་ཞེས་ཟེར་བ་དེ་ཡིན།
དབུ་རུ། དེང་སང་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་ཁྲེང་ཀོན་ཆུད་དང་། སྟོད་ལུང་། ཆུ་ཤུར། སྙེ་མོ(སྙེ་མོ་རྫོང་ཁོངས་གཞུའི་ནུབ་རྒྱུད་རྣམས་ཚུད་མེད)། འདམ་གཞུང་། སྟག་རྩེ། ལྷུན་གྲུབ། མལ་གྲོ་གུང་དཀར་བཅས་རྫོང་རྣམས་དང་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་ཁོངས་ཀྱི་བྱང་རྒྱུད་ས་ཆ་རྣམས་ཡིན།
གཡོ་རུ། དེང་སང་ལྷོ་ཁ་གྲོང་ཁྱེར་གྱི་མངའ་ཁོངས་སྣེ་གདོང་ཆུས་དང་། འཕྱོངས་རྒྱས། གྲ་ནང་། གོང་དཀར། སྣ་དཀར་རྩེ། ལྷོ་བྲག མཚོ་སྣ། མཚོ་སྨད། ལྷུན་རྩེ། ཆུ་གསུམ། ཟངས་རི། རྒྱ་ཚ་བཅས་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཉིང་ཁྲི། སྨན་གླིང་། སྣང་བཅས་རྫོང་རྣམས་ཀྱི་ས་ཆ་རྣམས་ཡིན།
རུ་ལག དེང་སང་གི་གཞིས་རྩེ་གྲོང་ཁྱེར་དང་། ས་སྐྱ། གྲོ་མོ། ཁང་དམར། རྒྱལ་རྩེ། པ་སྣམ། རིན་སྤུངས། གཉའ་ནང་། གཏིང་སྐྱེས། དིང་རི། ལྷ་རྩེ་བཅས་རྫོང་ཁག་རྣམས་ཡིན།
གཡས་རུ། དེང་སང་གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྣམ་གླིང་རྫོང་ཁག་གཉིས་ཀྱི་ཁར་ངམ་རིང་རྫོང་གི་ས་ཆ་ཁ་ཤས་དང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ས་ཆ་ཕལ་ཆེ་བ་བཅས་གཏོགས་པ་ཡིན།
སུམ་རུ། དེང་སང་ཆབ་མདོ་གྲོང་ཁྱེར་གྱི་ལྷོ་རོང་། སྟེང་ཆེན། རི་བོ་ཆེ། དཔལ་འབར་བཅས་རྫོང་རྣམས་དང་། ནག་ཆུ་གྲོང་ཁྱེར་གྱི་སྦྲ་ཆེན། འབྲི་རུ། ལྷ་རི(རྫོང་འདིའི་བྱང་རྒྱུད་ས་ཆ་འགའ་ཞིག)སོགས་བཅས་རྫོང་། མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ས་ཆ་ཕལ་ཆེ་བ་བཅས་སྔར་སུམ་པ་རུའི་ཁོངས་སུ་གཏོགས།
སུམ་པ། སུམ་པའི་ཡུལ་ཁམས་ནི་གོང་གསལ་སུམ་པ་རུའི་སྐབས་བསྟན་པ་དང་ཆ་མཚུངས་ཡིན།
གནུབས་ཀྱི་གླིང་དགུ། དེང་སང་གཞིས་རྩེ་གྲོང་ཁྱེར་གྱི་རིན་སྤུངས་རྫོང་དང་། ལྷོ་ཁ་གྲོང་ཁྱེར་གྱི་སྣ་དཀར་རྩེ་རྫོང་གཉིས་ཀྱི་ས་ཁོངས་རྣམས་ཡིན།
རྐོང་ཡུལ། དེང་སང་ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་རྫོང་ཁོངས་རྣམས་དང་། སྨན་གླིང་རྫོང་གི་བྱང་རྒྱུད་ས་ཆ་ཁག་གཅིག་བཅས་དེའི་ཁོངས་སུ་གཏོགས།
རྐོང་ཡུལ་བྲེ་སྣར། དེང་སང་གི་ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་རྫོང་སྨད་རི་ཤང་གི་མངའ་ཁོངས་སུ་ཡོད།
སེར་ཚངས། དེང་སང་ཉིང་ཁྲི་རྫོང་དང་སྨན་གླིང་རྫོང་གཉིས་ཀྱི་ས་ཁུལ་དུ་བཞུར་བའི་ཡར་ཀླུང་གཙང་པོའི་གཡས་ཡོན་དུ་ཡོད་པར་མཁས་པ་འགས་བཞེད།
མྱང་པོ། དེང་སང་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཁོངས་ཉང་པོ་ཤང་གནས་ཡུལ་གྱི་ས་ཆ་དེ་ཡིན།
མྱང་ཡུལ། དེང་སང་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཁོངས་སུ་ཡོད།
སུམ་ཆུ་བོ། དེང་སང་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་དང་བཞད་མཐོང་སྨོན་རྫོང་གཉིས་ཀྱི་མངའ་ཁོངས་སུ་ཡོད་ངེས་པ་མ་ཟད། ཞིབ་ཕྲའི་ས་གནས་ཀྱང་རྣམ་གླིང་རྫོང་རྒྱ་མཚོ་ཤང་གི་མངའ་ཁོངས་སུ་ཡོད་པར་སྣང་སྟེ། རིན་འདུས་དང་། རྩེ་གཤོངས། ཕུ་ཐང་བཅས་ཡུལ་ལུང་གསུམ་ནས་འབབ་པའི་ཆུ་བོ་རྣམས་ས་ཆ་དེར་གཅིག་ཏུ་བསྡུས་པས་མིང་དེ་ལྟར་ཐོགས་ཞེས་མཁས་པ་འགས་གསུངས།
གླིང་ཀར་ཚལ། འུ་ཡུག་གླིང་དཀར་ནི་དེ་སྔོན་གཙང་གཞིས་ཀ་རྩེ་ནས་བྱང་ནག་ཆུ་དང་། དབུས་ལྷ་ས་བཅས་ལ་འགྲོ་བའི་ལམ་བརྒྱུད་འགག་སྒོ་བཙན་པོ་ཞིག་ཡིན་ཞིང་། དེང་སང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་སྟག་རྩེ་ཤང་གི་མངའ་ཁོངས་སུ་ཡོད།
སྒྲེགས། དེང་སང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ལྔ་གྲགས་ཤང་ཁོངས་སུ་ཡོད།
ལྷ་ལུང་། དེང་སང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ལྔ་གྲགས་ཤང་ཁོངས་སུ་ཡོད་པའི་སྒྲགས་ཕུ་ཞེས་པ་དེ་ཡིན་པར་མཁས་པ་འགས་བཞེད།
སྐྱི། དེང་སང་ལྷ་ས་གྲོང་ཁྱེར་གྱི་མངའ་ཁུལ་ཏེ། ལྷ་ས་སྐྱིད་ཆུའི་སྟོད་སྨད་ཀྱི་ཡུལ་རྣམས་ལ་ཟེར་བ་མཁས་པ་འགས་གསུངས།
གཡུག ཀོང་པོ་ཁུལ་གྱི་ས་ཆ་ཞིག་གི་མིང་།
མལ་ཏྲོ། དེང་གི་མལ་གྲོ་གོང་དཀར་རྫོང་ཁོངས་གོང་དཀར་གྲོང་རྡལ་ཡོད་ས་དང་དེའི་ཉེ་ཁུལ་གྱི་ས་ཆ་རྣམས་ལ་ཟེར།
རྐྱང་བུ་ཚལ། དེང་སང་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་གཟི་སྦུག་ཤང་གི་ཁོངས་སུ་ཡོད་པར་མཁས་པ་འགས་བཞེད།
མ་པང་། མཚོ་ཞིག་གི་མིང་། དེང་སང་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་དབུས་བརྒྱུད་ན་ཡོད།
དྭགས་པོ། དེང་གི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཉིང་ཁྲི་སྣང་རྫོང་གི་མངའ་ཁོངས་རྣམས་ཡིན་པ་མཁས་པ་མང་པོས་ངོས་འཛིན་གནང་།
ཐང་ལྷ་ཡར་བཞུར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་སུ་ཡོད་པ་དང་བྱང་གནམ་མཚོའི་ལྷོ་ངོས་སུ་ཆགས་པའི་རི་བོ་ཆེན་པོ་ཞིག་གི་མིང་ཡིན།
སྐྱི་རོའི་ལྗང་སྔོན། དེང་སང་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་སྟོད་ལུང་རྫོང་གི་གླེའུ་དང་ཆུ་ཤུལ་རྫོང་ཁོངས་རྣམས་ཡིན་པར་མཁས་པ་འགས་བཞེད།
གང་པར་འཕྲུན། དེང་གི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་ཁོངས་ན་ཡོད།
ཏིང་སྲོབ་རོང་རིངས། རོང་ཞིག་གི་མིང་སྟེ། དེང་གི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་ཡོད།
འོན་ཅང་དོ། དེང་སང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་གི་མངའ་ཁོངས་སུ་ཡོད།
བྱར། དེང་སང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཁོངས་སུ་ཡོད།
དྲ། དེང་སང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ས་ཆ་རྣམས་ཀྱི་སྤྱི་མིང་ཡིན་པར་མཁས་པ་འགས་བཞེད།
གྲོ་པུ། དེང་སང་གི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་སུ་ཡོད།