བདེ་འཇགས་གསུམ་གཙིགས་འཛིན་གྱིས་སློབ་གྲྭའི་བདེ་འཇགས་འགན་བླངས།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-25


    སློབ་སྐབས་གསར་བ་མགོ་ཚུགས་པས།  སློབ་གྲྭ་ཡོངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་གང་ལེགས་སྒོས།  ཡོངས་ཁྱབ་ནས་སློབ་རའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱས་ཏེ།  སློབ་གྲྭས་སློབ་རའི་བདེ་འཇགས་དང་བཟའ་ཆས་བདེ་འཇགས།  མེ་འགོག་བདེ་འཇགས་བཅས་ཀྱི་རྐང་འཛིན་ལས་འགན་དོན་དུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད།  ཟླ8པའི་ཚེས23ཉིན།  འབྲིང་བ་ཡུལ་ཚོའི་མི་དམངས་སྲིད་གཞུང་གིས་ཡུལ་ཚོའི་མངག་གཏོང་ཁང་དང་འཕྲོད་བསྟེན་ཁང་གཉིས་དང་མཉམ་འབྲེལ་སྒོས།   འབྲིང་བ་ཡུལ་ཚོའི་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་སློབ་རའི་བདེ་འཇགས་ཞིབ་བཤེར་ལས་སྒོ་སྤེལ།

    གཅིག་ནས་མེ་འགོག་བདེ་འཇགས་གཙིགས་སུ་བཟུང་བ།  སློབ་ཁྲིད་ཐོག་ཁང་དང་ཞག་སྡོད་ཐོག་ཁང་སོ་སོ་དང་།  སློབ་གྲྭའི་ཟ་ཁང་དང་ཚོད་ལྟ་ཁང་སོགས་ཀྱི་མེ་འགོག་སྒྲིག་ཆས་ཆ་ཚང་མིན་དང་།  ཇུས་འགོད་ཚད་ལྡན་ཡིན་མིན།   ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་ཤར་བགྲོད་ཐུབ་མིན་བཅས་ཀྱི་གནས་ཚུལ་དང་། ལས་སྒྲུབ་མི་སྣར་མེ་གསོད་ཤེས་བྱ་དང་ནུས་རྩལ་ལྡན་མིན་ལ་ཞིབ་བཤེར་གང་ལེགས་བྱས།

    བཟའ་ཆས་བདེ་འཇགས་གཙིགས་སུ་བཟུང་བ།  ཡུལ་དངོས་ནས་སློབ་གྲྭའི་ཟ་ཁང་གི་ཟས་ཀྱི་གདོད་མའི་རྒྱུ་ཆའི་སྤུས་ཀ་དང་བཟའ་ཆས་ཉར་ཚགས་གནས་ཚུལ་ལ་ལྟ་ཞིབ་སྒོས།   བཟའ་ཆས་ཀྱི་མཛོད་ཁང་དང་ཟ་ཁང་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་དང་གཙང་སྦྲའི་གནས་ཚུལ་སོགས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ།   སྒྲིག་འགལ་གྱི་ལས་གཉེར་སྤྱོད་ཚུལ་ཡོད་མེད་དང་། ཟ་མའི་རྒྱུ་ཆ་སོ་སོར་ཕྱེ་ཏེ་ཐུམ་རྒྱག་བྱས་མིན་དང་ཟས་བཙོས་མ་དང་བཙོས་མ་མ་ཡིན་པ་སོ་སོར་ཕྱེ་མིན་སོགས།   རྒྱུན་སྲོལ་གྱི་གཙང་སྦྲའི་སྐོར་ལ་བླང་བྱ་བཏོན།

སློབ་རའི་བདེ་འཇགས་གཙིགས་སུ་བཟུང་བ།   སློབ་རའི་ཉེ་འཁོར་གྱི་བདེ་འཇགས་འགན་ལེན་བྱེད་ཐབས་ལ་ལྟ་ཞིབ་སྒོས།   སློབ་མའི་ཞག་སྡོད་ཁང་གི་སྒོ་དང་དྲ་མིག་ཐད་ནས་བག་ཉལ་རྐྱེན་ངན་ཡོད་མེད་དང་།   འབར་རླངས་འཛག་ཤོར་བྱུང་མིན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གང་ལེགས་གནང་།

    ཐེངས་འདིའི་སློབ་མགོ་གསར་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་ལས་སྒོ་སྤེལ་བ་བརྒྱུད།  སློབ་གྲྭའི་བདེ་འཇགས་ཐད་ཀྱི་བག་ཉལ་རྐྱེན་ངན་ལ་རིམ་བཤེར་དག་ཐེར་བྱས་པར་མ་ཟད།   སློབ་གྲྭ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་།  རྗེས་སོར་ཡུལ་ཚོ་དེས་རྒྱུན་ལྡན་ཅན་ལྟར་བདེ་འཇགས་ཐོན་སྐྱེད་ལས་དོན་དམ་འཛིན་སྒོས།  སྔོན་འགོག་གཙོར་འཛིན་དང་ཕྱི་ནང་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ།   རྒྱུན་མི་ཆད་པར་ཡུལ་ཚོ་དེའི་བདེ་འཇགས་ཐོན་སྐྱེད་ལས་ཀའི་ཆུ་ཚད་ཇེ་མཐོར་བཏང་ནས།   མངའ་ཁོངས་ཀྱི་སློབ་གྲྭ་དང་སྡོད་དམངས་ཀྱི་བདེ་འཇགས་འགན་ལེན་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1