ཞི་ཅིན་ཕིང་ནས་ཅིན་དབྱང་རྫོང་གི་ཆུ་རུད་གནོད་འཚེར་མཛུབ་སྟོན་གནང་།

གཡུ་སྒྲོན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-01


ཟླ་8ཚེས་21ཉིན་གྱི་ཐོ་རེངས་སུ། སི་ཁྲོན་ལེའང་ཧྲན་ཁུལ་ཅིན་དབྱང་རྫོང་དུ་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་རུད་ཐོན་ནས་གཙང་པོ་རྒྱུག་ཁུལ་གྱི་མྱུར་བགྲོད་གཞུང་ལམ་JN1དུམ་བུའི་རྣམ་གྲངས་པུའི་ངར་ལྕགས་ལས་སྣོན་ར་བའི་མི་སྣ་ཁག་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཁག་གཅིག་དང་འབྲེལ་བ་ཆད་པ་རེད།

འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། འབྲེལ་བ་ཆད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་བཙལ་འཚོལ་བྱེད་དགོས་པ་དང་། གནོད་འཚེ་ཕོག་མཁན་གྱི་ཁྱིམ་མིར་སེམས་གསོ་གཏོང་བ་སོགས་ཀྱི་རྗེས་འཇུག་ལས་དོན་ཡག་པོ་བསྒྲུབ་དགོས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ལས་དོན་ཚོ་ཆུང་མངགས་གཏོང་གིས་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ། འབྲེལ་ཡོད་འགན་འཁྲི་ཡོད་པའི་མི་སྣར་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ། བསླབ་བྱ་གཏིང་ཟབ་ལེན་པ་དང་། ཟུར་བསྟན་ལེབ་མཐོང་། ཁྱོན་ཡོངས་ནས་གནད་དོན་གྲལ་བཤེར། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། གནས་ཚུལ་ཞིབ་བསྡུར་བྱ་རྒྱུར་དམ་འཛིན་བྱས་ཐོག ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་བཙལ་འཚོལ་དང་འཚོལ་སྐྱོབ་དང་། རྒྱུ་རྐྱེན་གང་མགྱོགས་རྩད་གཅོད། བསླབ་བྱ་དང་ལེན་བཅས་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྒྲུབ་དོ་དམ་པུས་ལས་དོན་ཚོ་ཆུང་མངགས་ནས་ས་གནས་ས་ཐོག་ཏུ་འཚོལ་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། སི་ཁྲོན་ཞིང་ཆེན་དང་ལེའང་ཧྲན་ཁུལ་གྱིས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་བ་རེད། མིག་སྔར། ལས་དོན་ཁག་སྔར་བཞིན་ཚ་ཚ་འུར་འུར་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1