དཔག་དཔོན་ཟི་ར་ཐོག་རྒྱལ་དེ་དམག་གི་ཟུར་ནས་ཐོན་ཏེ། གཞུ་དུང་ལོ་དངུལ་མཆོག་གི་སྟེང་ལ་མདའ་གཅིག་བཞག མདའ་གཅིག་མཐེབ་མཛུབ་བར་ལ་བཟུང་ནས་ན་རེ། ཤར་རྨ་ཆེན་སྤོམ་རའི་རྩེ་ལྷ་འདི། །ལྷོ་འཛམ་གླིང་མ་བགོས་ཐུན་མོང་ཡིན། །ཧོར་སེར་པོར་རི་འབུམ་མ་དབང་ཡང་། །ལམ་སྐྱ་རིང་གར་འགྲོ་རང་ཐག་ཆོད། །ཟེར་ནས་གླུ་འདི་ལྟར་བླངས་པར་གདའ་འོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་ཡར་མཆོད་གནམ་ཐེལ་དཀར་པོ་མཆོད། །
གནམ་ཨ་སྔོན་སྤྲིན་གྱིས་མ་སྒྲིབ་དགོས། །
བར་མཆོད་བར་ཐེལ་ཁྲ་བོ་མཆོད། །
བར་སྣང་སྨུག་པས་མ་སྒྲིབ་དགོས། །
མར་མཆོད་ས་ཐེལ་ནག་པོ་མཆོད། །
ས་དོག་མོ་རྡུལ་གྱིས་མ་སྒྲིབ་དགོས། །
གླུ་མཁྱེན་གཟིགས་ཨ་བོའི་གླུ་སྣ་དྲོངས། །
ས་འདིའི་ས་ངོ་མ་ཤེས་ན། །
ཤར་རྨ་ཡུལ་སྤོམ་རའི་འགྱིང་ཁུགས་རེད། །
ང་དང་ང་ངོ་མ་ཤེས་ན། །
ཨ་ཆེན་ཐང་བ་གྲུ་བཞི་ན། །
སེར་མོ་རག་དུག་མཁར་དགུ་ན། །
ཧོར་གུར་དཀར་རྒྱལ་པོ་གནམ་གྱི་བུ། །
བློན་ཆེན་སྐར་ཚོགས་མཐའ་ནས་རྒྱས། །
ང་ཟི་ར་དམག་དཔོན་ཉི་མ་འདྲ། །
ཕྱི་ལྕགས་རི་དམག་དཔོན་ཐོག་རྒྱལ་ཡིན། །
ནང་སྙིང་བཅུད་དམག་དཔོན་ཐོག་རྒྱལ་ཡིན། །
དགྲ་དམག་དཔུང་བསད་པས་ཤན་པར་གྲགས། །
ཕོ་རང་རྒོད་ཨ་ཕོ་ཡན་ལ་མེད། །
གནམ་ས་གཉིས་ཀྱི་ཁ་བར་ལ། །
དུས་གཅིག་ལ་མདའ་དྲུག་འཕེན་པའི་མི། །
མདའ་སྐྱེན་རྒོད་ཨ་ལྔ་མཐེབ་དྲུག་ཡིན། །
མདའ་གཅིག་གིས་མི་དགུ་ཕིགས་མི་ལ། །
ང་དམག་དཔོན་ཟི་ར་ཐོག་རྒྱལ་དང་། །
དཔའ་གསར་ཐང་རྩེ་གཡུ་འབྲུག་གཉིས། །
ཕོ་དེ་བས་ཡན་ལ་གཅིག་ཀྱང་མེད། །
ཕོ་ཉུང་འགྲོས་ནང་གི་དཀར་པོ་སྐྱ། །
ཁྱོད་ཉོན་དང་འདྲ་མ་ཚིག་གསུམ་ཡོད། །
ཁྱོད་བཙན་པོས་བཙན་ཚོད་མ་ཟིན་ན། །
བཙན་ཉི་ཟླ་སྤྲིན་ནག་ཁོག་ནས་སྒྲིབ། །
རྒོད་པོས་རྒོད་ཚོད་མ་ཟིན་ན། །
རྒོད་ཐང་དཀར་ལག་རྙི་བར་ལ་ཚུད། །
དཔའ་ངར་མས་ངར་ཚོད་མ་ཟིན་ན། །
ཕོ་གསར་པའི་ངར་གདོང་རྡོ་ལ་ཐུག །
གཏམ་ཚིག་སྣེ་རྩུབ་ཚོད་མ་ཟིན་ན། །
ཕོ་གཉོམ་ཆུང་ཞེ་རྩ་གཏིང་ནས་དཀྲུགས། །
ཁྱོད་ཟེར་འདོད་སུ་ལ་ཟེར་རྒྱུ་ཡིན། །
བརྙས་བཞག་སུ་ལ་བྱེད་རྒྱུ་ཡིན། །
ཆུ་ཕྲན་གཉའ་བ་མཆོང་མཆོང་དེ། །
གཙང་རྒྱལ་ཆུ་ལ་འགྲོ་ས་མེད། །
ཞིང་གྲམ་ཐང་ཕ་བོང་བསྒུལ་བསྒུལ་དེ། །
མཐོ་བྲག་དམར་རི་ལ་འགྲོ་ས་མེད། །
གཅན་ཝ་མོ་གད་ལ་ཁྲིད་ཁྲིད་དེ། །
དམར་ཡག་སྟག་ལ་འགྲོ་ས་མེད། །
གླང་རོག་རྭ་ལ་འཇུ་འཇུ་དེ། །
བྲེ་སེར་འབྲོང་ལ་འགྲོ་ས་མེད། །
ཁོ་མི་དམངས་དམའ་འབེབས་བྱེད་བྱེད་དེ། །
བུ་ང་ལ་འགྲོ་ས་ལར་ནས་མེད། །
དུག་ནག་པོ་ཟོས་ན་འཆི་བ་ཡིན། །
ཕོ་ང་ལ་འགྲན་ན་ཕམ་པ་ཡིན། །
དེ་ནས་བུ་སྡུག་དཀར་པོ་སྐྱ། །
མདང་མར་ཉལ་རྨི་ལམ་ཅི་འདྲ་བྱུང་། །
ཕ་ཨ་ཁུའི་མདུན་གྱི་རྒོད་པོ་དེ། །
རྒོད་མགོ་སྐེ་འབྲེག་རྒྱུར་ཨེ་འབབ་དོ། །
མ་ཨ་ཟའི་མདུན་གྱི་གཅེས་ཕྲུག་དེ། །
ལུས་འདོམ་གང་ས་ལ་ཨེ་འགྲིལ་དོ། །
ཚོ་ཚང་མའི་ནང་གི་བཙན་པོ་ལ། །
བཙན་དམའ་འབབ་རིན་གྱིས་ཨེ་ཉོ་དོ། །
ལ་ཆེན་གླིང་ཡུལ་དཔའ་བརྟུལ་རྣམས། །
མི་རྒོད་སྐྱག་ལང་སོང་ལེ་རེད། །
རྟ་རྒོད་གཉའ་བ་རེངས་ལེ་རེད། །
ཕོ་ཁྱོད་ཀྱི་རྫིག་རྫིག་འཁུར་མི་མིན། །
ཤར་རྨ་ཆེན་སྤོམ་རའི་གཞི་བདག་འདི། །
ལྷོ་འཛམ་གླིང་ཆགས་པའི་ཟོ་དོར་རེད། །
བོན་གཡུང་དྲུང་སྟོང་གི་བཀའ་སྲུང་རེད། །
རི་མདུན་གཏད་གླིང་རུའི་དགྲ་ལྷ་རེད། །
རྒྱབ་ཧོར་གཏད་གུར་དཀར་ཝེར་མ་རེད། །
ཧོར་གླིང་མ་བགོས་ཐུན་མོང་རེད། །
ཁྱོད་གླིང་རུས་ག་ནས་ཉོས་ལེ་ཡིན། །
ཧོར་སེར་པོས་སུ་འདྲར་བཙོངས་ལེ་རེད། །
རི་མཐོ་གསུམ་སྲིད་པའི་གངས་རྒན་དེ། །
འཛམ་གླིང་སྲིད་པའི་རྒྱན་གཅིག་རེད། །
ཡུལ་ཆུང་གྲུ་བཞིས་དབང་ས་མེད། །
དབུས་སྟོད་ཇོ་བོ་ཞལ་དཀར་འདི། །
མགོ་ནག་སྤྱི་ཡི་མཆོད་གནས་རེད། །
བཙན་པོས་རང་བདག་བྱེད་ས་མེད། །
མཚོ་མ་ཕམ་གཡུ་ཡི་མཎྜལ་དེ། །
ཀླུ་དགའ་བོ་འཇོག་པོའི་ཕོ་བྲང་རེད། །
རྗེ་རང་མགོ་བཙན་ཡང་དབང་ས་མེད། །
ཤར་རྨ་ཆེན་སྤོམ་རའི་ཕོ་བྲང་དེ། །
བྱང་ཨ་ཆེན་གྲུ་བཞིའི་གཞི་བདག་རེད། །
གླིང་ཚོ་ཆུང་གི་དཔུང་པས་ཁྱབ་ས་མེད། །
ཧོར་སེར་པོས་མཆོད་ན་རན་ཙམ་རེད། །
གླིང་དཀར་པོས་རྨ་ཆེན་མགུ་ས་མེད། །
ང་རི་འབུམ་དབུ་འཕང་བསྟོད་བསམ་ནས། །
རྟ་འདོ་བ་བརྒྱ་ཁྲལ་བ་དཀར་བརྒྱ། །
རྨོག་དར་འཕྲུ་བརྒྱ་རེ་བཀལ་ནས་ཡོད། །
ཧོར་མི་རེའི་མདའ་དར་རེ་རེ་ཡོད། །
ལྷ་གོང་མའི་ངོ་སོ་ཨེ་བསྟོད་བསམ། །
འགྲོ་འདོད་གླིང་གིས་མི་གཏོང་ཟེར། །
ངས་མདའ་གཅིག་འཕེན་པའི་ལམ་སོ་ནས། །
ཁྱོད་སྐྱ་དཀར་བུ་སྡུག་མདའ་སྣེར་འཇོག །
ཕོ་དུ་གསོད་ལྟད་མོ་ལྟ་ཡག་གྱིས། །
སྨྱུག་ཐུར་ཉུང་མ་འཛེར་ལེ་བཞིན། །
མི་གཅིག་གིས་མི་ཚད་མི་དགུ་ཡི། །
སྙིང་ཁྲག་དགུ་དེ་ཐང་ལ་འཕོ། །
མགོ་དར་འཕྲུ་དགུ་དེ་ཧོར་ལ་འཁྱེར། །
ཁྲབ་འབུམ་མེ་དགུ་དེ་ནོམ་ལ་ལེན། །
རྟ་སྒ་མ་དགུ་དེ་ཁན་ལ་བཞག །
ལུས་འདོམ་གང་བྱ་ཁྱིའི་གཟན་ལ་འཕེན། །
ལམ་ཨེ་སྟེར་མི་སྟེར་དེ་ནས་འབྱེད། །
དེ་རིང་ཉི་མའི་ཕྱི་དྲོ་ལ། །
ངས་རི་འབུམ་ལྷ་བསང་དགུང་ལ་བསྟོད། །
ལྷ་སྤོམ་རའི་དབུ་འཕང་བསྟོད་ངེས་བྱེད། །
ཧོར་སེར་པོའི་བསྟན་པ་ཚུགས་ངེས་བྱེད། །
གླིང་དཀར་པོ་མེ་ཐོག་ཆུ་བླུགས་གཏོང་། །
དེས་མི་ཚད་ཐལ་བ་རླུང་ལ་འཕྱར། །
ཁྱོད་དགའ་དོ་བསམ་མམ་སྡུག་དོ་བསམ། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །
གླིང་བུ་སྡུག་ཡིད་ལ་དེ་ལྟར་ཞོག །
ཟེར་ནས་མདའ་གཅིག་ཞལ་ལུའི་ཐོག་ལ་སྤྲིངས་བྱུང་བ། ཆིབས་གཡས་ངོས་སུ་འགྱུར་ཙམ་མཛད་པས་དཔུང་གཡོན་སྟེང་ནས་རླུང་ཤུད་པ་ཞིག་བྱས། སྐུ་རྒྱབ་ནས་དམག་གསེར་འཕྲུ་ཅན་དགུ་གཡས་འགྱེལ་གཡོན་འགྱེལ་དུ་བཏང་ནས། མདའ་དེ་སྐྱ་རྒྱང་ངེ་རི་རྩིབས་ལ་ཕར་སོང་། ཡང་སྤྲིངས་བྱུང་བ། ཞལ་དཀར་མ་བཞེངས་པའི་ངང་ལ་དམག་གསེར་འཕྲུ་ཅན་དགུ་སྟེ་བཅོ་བརྒྱད་བརླགས་སོང་བ་དང་། མདའ་སྤྲིངས་མ་ཐག་ཏུ་ཞལ་དཀར་གྱིས་ཡ་ཟི་བཏོན་ནས་སྟེང་དུ་མཆོང་སོང་བར། འདན་མ། གཟིག་འཕེན་གཉིས་ཀྱང་གཅིག་ཤོར་གཉིས་ཤོར་གྱིས་བྱུང་བ། རྒྱ་ཚ་ཁོ་རང་གི་ཐད་དུ་ཕེབས་པས། ཟི་ར་ཐོག་རྒྱལ་ཐལ་ཚུབ་སྐྱ་ལིང་ངེར་བྲོས་སོང་ངོ་། །འདན་མ་དང་གཟིག་འཕེན་གཉིས་ཀྱིས་ཀྱང་དམག་མང་པོ་ཕར་དེད་ཚུར་སྒྲིལ་གྱི་ངང་ནས་ཕྱེད་བགོས་བསད་པས། དྲེལ་རྒྱབ་རྟ་ཁྲབ་རྣམས་ཚུར་བླངས། དམག་འཕྲོ་མ་རྣམས་རིའི་རྩིབས་ན་བྲག་ཁྲེབ་ཁྲོབ་གཅིག་ལ་འབྱར་ནས་བསྡད་ཡོད་པར། འདན་མས་མདའ་གཅིག་སྤྲིངས་པས། མི་བདུན་བརྒྱད་བསྒྲིལ་ནས་བྱུང་། གཟིག་འཕེན་གྱིས་མི་མང་བསད་ཀྱང་སྡིག་པ་ཆེ་བ་ལས་ལན་བྱེད་མི་མི་གདའ་བས་ང་རང་གཉིས་ཞལ་དཀར་གར་འབྱོན་ལྟ་བཞིན་རྗེས་ལ་ཞབས་ཕྱིར་འགྲོ་ཟེར་བར། འདན་མས་དེ་བྱེད་ཟེར།
དེ་ནས་ཞལ་དཀར་གྱིས་ཁོ་དེད་པས་ཧོར་སྒར་གྱི་ཚུར་འདབས་སུ་མདའ་རྒྱང་གིས་སྙོག་མི་སྙོག་མཚམས་ལ་རྗེས་ཟིན་པས། ཟི་ར་ཐོག་རྒྱལ་ཁོས་སྐད་ངན་བཏོན་ཏེ་ཧོར་སྡེ་དམར་ནག་བཅུ་གཉིས་པོ། ཡང་སྒོས་ཤན་པ་རྩལ་ཆེན་རྣམས། ཤི་བདུད་ནག་པོས་རྒྱབ་ནས་དེད། དགྲ་བཙན་པོ་རྗེས་ནས་ཡོང་ཤིང་ཡོད། ཤོག་ཤོག་ཟེར། ཁོང་རང་ཕྱི་བལྟས་མེད་པར་བྲོས་པས། དང་པོ་རྒྱ་ཚས་མདའ་གཅིག་འཕངས་པས་རྟ་ལ་ཕོག་ནས་འགྱེལ་བྱུང་། དེ་ནས་རྒྱ་ཚས་རྗེས་ཟིན་ནས་གྲི་གཡུག་ཐེངས་གཅིག་གིས་བསད་དེ་མགོ་བྲེགས་པ་དང་། ཧོར་སྒར་ནས་རྟ་པ་འགའ་རེ་ཕར་རྒྱུག་ཚུར་རྒྱུག་འབུད་གྲབས་བྱས། འགྲོ་འགྲོ་ཟེར་བ་མ་གཏོགས། ཕྱི་རྒྱབ་ལ་མི་གཅིག་ཀྱང་ཡོང་ཕོད་པ་མ་བྱུང་། རྒྱ་ཚས་ཁྲབ་བཤུས། མགོ་འཕྲུ་བཅས་བཅད། ཁོ་རང་གི་རྟ་རྨས་མ་དེ་ལ་བཀལ་ནས་ག་ལེར་ཕེབས་པ་དང་། རྒྱབ་ནས་ཤན་པ་བདུན་བརྒྱད་ཙམ་ཚུར་དམར་ལིང་ལིང་བྱུང་སྟེ་འདན་མ་གཟིག་འཕེན་གཉིས་ཀྱང་ཞབས་ཕྱིར་ཡོད་པར་ཤེས་ནས་ཕྱོར་ལོག་སོང་ངོ་། །