ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་རང་བྱུང་ཆ་རྐྱེན་དང་ཐོན་ཁུངས་གི་ལེགས་ཆར་རྐང་ཚུགས་ཏེ། མུ་མཐུད་དུ་སྤུས་ལེགས་གཟན་རྩྭ་འདེབས་འཛུགས་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་གཙོར་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད། ཡུག་རྩྭ་གཙོར་བཟུང་བའི་སྤུས་ལེགས་དང་བདེ་འཇགས། ཕན་འབྲས་ལེགས་པ་བཅས་ཀྱི་གཟན་རྩྭ་ཐོན་རྫས་དར་སྤེལ་བཏང་ནས། ཕྱུགས་ལས་ཀྱི་ལམ་བུ་གསར་བ་སྤུས་ལེགས་ཀྱིས་འཕེལ་བའི་དགོས་མཁོ་སྐོང་བར་འབད།
མཛོད་དགེ་རྫོང་རྨ་ཆུའི་བཞུར་རྒྱུད་ཀྱི་གཟན་རྩྭའི་རྟེན་གཞིར་ཡུག་རྩྭ་སྔོ་མོ་བསིལ་རླུང་ཁྲོད་རླུང་གིས་གཡོ་བཞིན་འདུག བརྔ་བསྡུ་འཕྲུལ་འཁོར་གྱིས་སྔོ་ལྗང་གི་ཡུག་པོ་དང་ཕྱུགས་རྩྭ་རྣམས་འབྲེག་བཞིན་པས། སྟོན་དུས་ཀྱི་ལོ་ལེགས་བསྡུ་བའི་རྣམ་པའི་ཚ་རླབས་འཕྱུར།
མཛོད་དགེ་རྫོང་ཨུའི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཆེད་འགན་ཀྲུའུ་རེན་གཞོན་པ་ཝང་ཡུང་ཏུང་གིས་བཤད་རྒྱུར། ཡུག་པོ་འདིར་མཚོན་ན་ཆུ་དང་ཚི་སྣའི་འདུས་ཚད་ལེགས་པས་སྔོ་གཟན་སྙོལ་བར་འཚམས་ཤིང་། སྔོ་གཟན་སྙོལ་སྐབས་དོང་སྙོལ་བྱས་ཏེ། སང་ལོའི་ཟླ་གཉིས་པ་དང་གསུམ་པར་དོང་སྒོ་ཕྱེ་ནས་གསོ་ཚགས་དུད་ཚང་ལ་བགོས་ན་འཚོ་བཅུད་ཤིན་ཏུ་ལེགས་ཟེར།
མཛོད་དགེ་རྫོང་རྨ་ཆུའི་བཞུར་རྒྱུད་ཀྱི་གཟན་རྩྭའི་རྟེན་གཞིའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི3000བཏང་ཡོད། དཔལ་སྐྱིད་གྲོང་རྡལ་དང་ཐང་སྐོར་གྲོང་རྡལ། བྱམས་མེ་གྲོང་རྡལ། ཨ་སྐྱིད་གྲོང་རྡལ་བཅས་ཀྱིས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི1.7བསྐྲུན། སྔོན་དཔག་ལྟར་ན་མུའུ་རེའི་ཐོན་ཚད་སྤྱི་རྒྱ3000ཟིན། རང་བྱུང་རྩྭ་ཐང་གི་སྤུས་ལེགས་གཟན་རྩྭ་ཐོན་སྐྱེད་རྟེན་གཞིར་མུའུ་རེའི་ཐོན་ཚད་སྤྱི་རྒྱ800ནས1200ཡས་མས་ཟིན། གཟན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་གྱིས་རྩྭ་ཕྱུགས་བར་གྱི་འགལ་བ་ཞི་འཇགས་སུ་བཏང་ནས། རྩྭ་ཐང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པས། སྐྱེ་ཁམས་ཕན་འབྲས་མངོན་གསལ་བྱུང་།
རྒྱུས་ལོན་པ་ལྟར་ན། ཡུག་པོའི་སྤྲི་དཀར་འདུས་ཚད་མཐོ་ལ་འཚོ་བཅུད་ཕུན་སུམ་ཚོགས་ཤིང་། ཕྱུགས་ཟོག་ལ་འཚམས་པའི་ཁྱད་ཆོས་ལྡན་པས། གསོ་ཚགས་ལས་རིགས་ལ་མཁོ་གལ་ཆེ་བའི་སྤུས་ལེགས་གཟན་ཆས་ཤིག་སྟེ་ཁྲོམ་རའི་དགོས་མཁོ་ཆེ་ལ་མཁོ་མང་སྤྲོད་ཉུང་དུ་གྱུར་ཡོད། གོམ་སྟབས་རྗེས་མར་མཛོད་དགེ་རྫོང་གིས་ཞིང་གསུམ་ཁྱབ་ཁོངས་ཀྱི་ལས་དོན་མི་སྣའི་འདེབས་འཛུགས་གསོ་སྦྱོང་ལ་ཤུགས་སྣོན་སྒོས། གཟན་རྩྭའི་སྤུས་ཀ་ཇེ་ལེགས་སུ་བཏང་ནས། སྔོ་བསྙལ་གཟན་ཆས་དར་སྤེལ་གཏོང་བ་དང་། བྱེད་ཐབས་སྣ་མང་བརྒྱུད་དེ་གཟན་རྩྭའི་སྤུས་ཀ་ལེགས་སྒྱུར་གྱིས་འདེབས་འཛུགས་གཞི་ཁྱོན་ཅན་དང་ཞིབ་བསྡུས་ཅན། ཐོན་ལས་ཅན་བཅས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེར་བཏང་ནས། ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཆ་ནས་ཕན་འབྲས་ལེགས་པོ་ཐོན་པར་རྨང་གཞི་ཆེས་བརྟན་པོ་འདིང་རྒྱུ་རེད།