༄༅།། གྱ་སྟོན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 09-06


 རྒན་པོའམ་རྒན་མོའི་གྱ་སྟོན་དེ་ས་ཁུལ་མང་ཆེ་བས་རྒྱ་ལོའི་ཚེས་པ་གསུམ་དང་བཅུ་བཅུ་གསུམ་ལ་བྱེད་པ་ཡིན།དེ་ནི་རྒན་པོའམ་རྒན་མོ་དེ་ཚེ་ལོ་རིང་བོར་སོན་ནས་ཆུང་དར་གཞོན་གསུམ་ལ་ལོ་གཡང་སྟེར་བའི་བཀྲ་ཤིས་པའི་ཉིན་མོ་ཡིན།རྒན་པོའམ་རྒན་མོ་ལོ་བདུན་བཅུ་ཟད་ནས་བརྒྱད་ཅུ་ཐམ་པ་ལ་སླེབས་ཚེ་བརྒྱད་ཅུའི་གྱ་སྟོན་བྱེད་པ་ཡིན།གྱ་སྟོན་ནི་མི་ཚེའི་ཕྲེང་རིམ་ལས་ཆེས་གལ་ཆེ་བའི་སྟོན་མོ་ཞིག་ཡིན་ལ་ཚེ་ལོ་མཐར་ཕྱིན་པའི་དན་རྟགས་ཤིག་ཀྱང་ཡིན།སྤྱིར་བོད་མི་ཞིག་ཡིན་ན་ཐོག་མར་བཙས་སྟོན།བར་དུ་མནོལ་སྟོན།ཐ་མར་གཉེན་སྟོན།མཐའ་མའི་མཐའ་མར་གྱ་སྟོན་བཅས་གོ་རིམ་བཞི་བརྒྱུད་དགོས་པ་ཀུན་གྱིས་གླེང།གྱ་སྟོན་གྱི་རྒན་པོས་སྔ་མོ་ནས་སྐྲ་དང་ཁ་སྤུ་བཞར།ལྭ་གསར་པ་དང་ཚི་ལེན་དཀར་པོ་གྱོན།སྐ་རགས་སྔོན་པོ་བཅིངས།དབུ་ལ་ཕྱིང་ཞྭ་དང་རྐང་ལ་ལྷམ་ཆེན་ཤར་མའི་ཡུ་བ།ལྷམ་སྒྲོག་དམར་པོས་མཐའ་བྱས་པ་གྱོན་ཏེ་སྲིད་པ་རྒན་པོའམ་རྒན་མོ་ཞེས་པ་འདི་མིན་ན་གང་ཡིན་སྙམ་པའི་བློ་དབང་མེད་དུ་སྐྱེས་འོང་།དེ་ནས་མགྲོན་པོ་སླེབས་ཚེ་རྒན་པོའམ་རྒན་མོ་གང་དེའི་ཚེ་ལོ་མཐར་ཕྱིན་པའི་རྟེན་འབྲེལ་དུ་ལོ་སྟེར་བ་ཡིན་ཞེས་ཀ་ར་དང་སིལ་ཏོག་སོགས་ལེགས་སྐྱེས་སུ་སྟེར་སྲོལ་ཡོད།ཆུང་དར་གཞོན་གསུམ་ཀུན་གྱིས་བཀྲ་ཤིས་པའི་བསྟོད་པའི་ལྟ་བ་བྱེད་ཅིང་།སྐོར་བ་བྱས་ཏེ་ཕྱག་འཚལ།གྱ་སྟོན་གྱི་ལོ་ལོན་དེས་ཐ་མར་ལོ་གཡང་ཀྱི་ཁ་གཡང་འབོད་པ་སྟེ།ཡ།བྱིས་པ་ཚོ་འདབ་ལག་རྒྱས་པའི་བཀྲ་ཤིས་ཤོག གཞོན་པ་རྣམས་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཤོག་ཅེས་ཁ་གཡང་སྒྲོག་པ་དང་ཆབས་གཅིག་གླུ་དང་གར་གྱིས་ཅི་དགར་རོལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1