༄༅།། རྨ་ཆུའི་དབལ་བན་ཚང་ཤང་གི་གནའ་བོའི་འཐབ་རའི་གསང་བ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས། སྤེལ་དུས། 09-11


   རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་ཤང་ནས་བྲག་རོང་བརྒྱུད་དེ་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་མཛེས་སྡུག་ལྡན་པའི་རྩྭ་ཐང་ཆེན་མོར་བཞུར་བ་དང་། རྩྭ་ཐང་འདིའི་འཁོར་རྒྱའི་རིང་ཚད་ལ་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད། རྩྭ་ཐང་བདེ་ཞིང་ཁོད་ཡངས་པའི་རྐྱེན་གྱིས་རྨ་ཆུ་ནི་གྱ་གྱུའི་ངང་ནས་རྩྭ་ཐང་གི་བྲང་གཞུང་ནས་འབབ་པ་དང་། རྩྭ་ཐང་འདི་ལ་དབལ་བན་ཚང་རྩྭ་ཐང་ཟེར། དེ་ནི་ཆིང་རྒྱལ་རབས་སྐབས་སུ་འདི་ནས་གཏན་སྡོད་བྱས་པའི་བོད་རིགས་འབྲོག་པ་ཚོ་བའི་འགོ་གཙོ་ཨ་ཕྱུག་བན་འདེ་མཁར་གྱིས་དེ་ལྟར་བཏགས་པ་ཡིན།  གནའ་རབས་ས་ཁམས་ལོ་རྒྱུས་རྒྱུ་ཆ་ལས་ཤེས་གསལ་ལྟར་ན།  རྨ་ཆུའི་སྟོད་རྒྱུད་ཙ་ན་རླབས་ཀྱི་ཁུག་སོ་དགུ་ཞེས་པ་ཞིག་ཡོད།  ཆུ་བོ་ཁོད་ཡངས་པས་རྟ་ལ་བཞོན་ནས་ཕ་རོལ་དུ་བསྐྱལ་དགོས། དེ་ནི་ཐང་རྒྱལ་རབས་སྐབས་སུ་ཐང་བོད་འབྲེལ་བ་བྱེད་པའི་བརྒྱུད་ལམ་ཉག་ཅིག་ཡིན།  རྨ་ཆུའི་སྟོད་རྒྱུད་ཀྱི་ས་ཁམས་ལ་ཞིབ་བཤེར་བྱས་ན་འདི་གཅིག་པུ་མ་གཏོགས་མེད།  རྩྭ་ཐང་འདིའི་ཕང་བ་ན་ད་སྔ་ཡང་རྟ་ཞོན་ནས་རྨ་ཆུའི་ཕ་རོལ་བརྒལ་བའི་ལམ་ཞིག་ཡོད། 

       ས་གནས་འདིའི་འབྲོག་དམངས་ཀྱིས་དབྱར་དཔྱིད་གཉིས་ལ་ལམ་འདི་བརྒྱུད་ནས་རྨ་ཆུའི་ལྷོ་བྱང་གི་རྩྭ་ཐང་ནས་ཕྱུགས་རིགས་འཚོ་སྐྱོང་གི་ལས་ཀར་བྲེལ་བཞིན་ཡོད།  དབལ་བན་ཚང་རྩྭ་ཐང་ན་གནའ་བོའི་ཤུལ་བཞག་ཐོན་དངོས་ཧ་ཅང་མང་སྟེ།  ད་སྐབས་ཀྱི་ཤང་སྲིད་གཞུང་གི་ནུབ་རྒྱུད་ན་གནའ་བོའི་བཟོ་སྐྲུན་གྱི་ཤུལ་དངོས་མོད་པོ་ཡོད་རབས་བཤད།  ས་ནས་བུད་པའི་རྫ་གཡམ་ལ་བརྐོས་རིས་རྫ་གཡམ་ཡོད་ལ །   ཝུའུ་ཅིན་རྒྱལ་རབས་ཀྱི་བཟོ་སྐྲུན་རྒྱན་ཆའི་རྫ་གཡམ་གྱི་ཁྱད་ཆོས་ལྡན།  ཕལ་ཆེར་འ་ཞའི་དུས་སྐབས་སུ་བཞེངས་པའི་ལྷ་ཁང་ཡིན་པ་འདྲ། ཤང་སྲིད་གཞུང་གི་ལྷོ་ནུབ་ས་ན་གསེར་བྱ་ཞེས་པའི་གནས་ཤིག་ཡོད། ཏུན་ཧོང་གནའ་བོའི་བོད་ཡིག་རྒྱུ་ཆར་བཀོད་པ་ལྟར་ན་ལུང་མདོ་གཉིས་དང་རི་བོ་དེ་རུ་གནའ་བོའི་མཁར་རྫོང་གི་ཤུལ་བཞག་ཐོན་དངོས་ཡོད་པར་བཤད། ས་གནས་མི་དམངས་ཀྱི་ངག་རྒྱུན་དུ་ཐུ་བྷོད་བཙན་པོས་ཐང་རྒྱལ་རབས་ལ་དམག་འཁྲུག་རྒྱག་སྐབས་ཀྱི་བཀོད་འདོམས་ས་ཚིགས་ཡོད་ས་ཡིན་པར་བཤད།  གནའ་བོའི་ཤུལ་དངོས་ལས་ཆེས་ཆེ་བ་ནི་ཤང་སྲིད་གཞུང་གི་བྱང་ཕྱོགས་ཀྱི་རྩྭ་ཐང་ན་ཡོད་པའི་གནའ་བོའི་འཐབ་རའི་ཤུལ་དངོས་དེ་ཡིན་ལ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བཞི་སྟོང་ཡོད། 1959ལོར་དབལ་བན་ཚང་ཤང་སྲིད་གཞུང་གིས་ཡུག་པོ་རྨོ་འདེབས་བྱས་པ་ནས་བཟུང་། ལོ་རེར་གནའ་བོའི་རིག་གནས་མོད་པོ་སར་བླངས་པ་དང་།  རྫ་ཆས་དང་ལྕགས་ཆས།  གཡང་ཊིའི་ལག་ཆས།  ཟངས་མའི་ཡོ་བྱད།  ཟངས་སྨུག་ལག་ཆ།  གསེར་དངུལ་ཡོ་བྱད་བཅས་ཡོད།  ས་དེ་ལུང་སྟོང་ཡིན་ལ་གནའ་རྫས་དཔྱོད་མཁན་མེད་པས་དེ་དག་ལ་དོ་སྣང་མ་བྱས། དུས་རབས་སྔོན་མའི་དུས་མཇུག་ནས་རིག་དངོས་སྒེར་གྱིས་ཚོང་གཉེར་བྱེད་པའི་སྨྱོ་ཧམ་ཇེ་ཆེར་སོང་བས། ས་གནས་དེ་གའི་མང་ཚོགས་ཁ་ཤས་ཀྱིས་ཕྱི་མི་ལ་འབྲེལ་བ་བྱས་ནས་ལྕགས་རིགས་འཚོལ་ཆས་བཀོལ་ཏེ་གནའ་རྫས་བརླགས་པ་དང་། གྱོང་གུད་ཚབས་ཆེན་ཐེབས་སོང་།  2001ལོའི་ཟླ་8པར་ཡང་བསྐྱར་བརྐོ་བརླགས་བྱེད་བཞིན་པ་ས་གནས་མང་ཚོགས་ཀྱིས་ཚོར་བས། གོང་རིམ་སྲིད་གཞུང་ལ་ཡར་ཞུ་བྱས་པ་དང་།  ཞིང་ཆེན་དང་ཁུལ།  རྫོང་རིམ་པས་མཐོང་ཆེན་བྱས་ཏེ། རྫོང་རིག་གནས་ཅུས་དང་སྤྱི་བདེ་ཅུས་ཀྱིས་དབལ་བན་ཚང་ཞང་ནས་རིག་དངོས་ཡར་སྤྲོད་བྱེད་པའི་བྱ་བ་ལག་བསྟར་བྱེད་འགོ་བརྩམ་པ་དང་།  རིག་དངོས་1100ལྷག་ལག་སོན་བྱུང་ཡོད། ཡང་རིག་དངོས་བརྒྱ་ཕྲག་ལ་ཉེ་བ་ཙམ་ཕྱིར་ཤོར་སོང་། འབྲེལ་ཡོད་མི་སྣས་སྡོམ་རྩིས་བྱས་པ་ལྟར་ན།  1959ལོ་ནས་བཟུང་ས་དེ་ག་ནས་བུད་པའི་ཤུལ་དངོས་ཁྲི་ལས་བརྒལ་ཡོད། ད་སྐབས་བུད་པའི་རིག་དངོས་ལྕགས་ཆས་ལ་གཙོ་བོ་སྒ་སྲབ་དང་དཀར་ཆས་རིགས་ཡིན།  ད་རུང་རས་གུར་གྱི་ལྕགས་ཕུར་དང་།རྟ་རྡང་སོགས་ཀྱང་ཡོད། 

       དམག་ཆས་ལ་རལ་གྲི་དང་གློ་གྲི།  མདུང་རྩེ་སོགས་ཡོད།  དཀར་ཆས་ལ་དགྲ་སྟ་ལེབ་མོ་དང་ཁྲོ་ལེབ་སོགས་ཚང་མར་ཤུབས་དང་བཅས་པ་ཡོད།  ཟངས་ཆས་ལ་ཆོས་ལུགས་ཡོ་བྱད་དང་ཕལ་ཆེར་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་ཆོས་སྐྱོང་འདྲ་སྐུ་དང་ཡང་ན་ཁྱུང་ཆེན།  རྡོ་རྗེ་དང་ཀེང་རུས་སོགས་ཡོད།  ཆེས་ཆེ་བ་ཚངས་ཐིག་སྤྱི་ཆ་75་དང་སྲབ་མཐུག་ལ་སྤྱི་ཆ་0.15ཡོད།  ད་རུང་ཟངས་མའི་སྒ་ཆས།  རྒྱན་སྤྲས་རི་མོ་སྣ་ཚོགས་ཡོད་དེ་རྣམ་པ་མི་འདྲ་བ་16ཡོད།  དབྱིབས་རྩིས་རི་མོ་དང་སྐྱེ་དངོས་དབྱིབས།  སྲོག་ཆགས་དབྱིབས་སོགས་ཡོད།  ད་དུང་ས་བུད་ཟངས་མའི་མེ་ལོང་དང་།  དངུལ་གྱི་ཆབ་མ།  ཟངས་ཐོམ་སོགས་མིག་སྔར་ཡང་བསྐྱར་ཞིབ་བཤེར་བྱས་པས་རིག་དངོས་1700ལྷག་ལག་སོན་བྱུང་ཡོད།

       ས་བུད་རིག་དངོས་དང་ཤུལ་ལ་བལྟས་ན།  དམག་དོན་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་།  ཧ་ཅང་སྟུག་པའི་དམག་འཁྲུག་གི་མཁའ་དབུགས་ཆགས་ཡོད།  རིག་དངོས་མང་ཆེ་བ་དམག་རྟའི་སྒ་སྲབ་ཡོ་བྱད་དང་འབྲེལ་བ་ཡོད་པས།  ཤུལ་དེ་ན་འཛུགས་སྐྲུན་གྱི་རྗེས་ཤུལ་གང་ཡང་མི་མཆིས།    རྨ་ཆུ་དང་ཐག་ཧ་ཅང་ཉེ་ལ།  གནའ་བོའི་འཐབ་རའི་རྗེས་ཤུལ་ཡིན་པས་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་དམག་མིའི་རི་དཔུང་གི་ངོ་བོ་ལྡན།  ཁོ་ཚོ་ས་འདི་ནས་རྨ་ཆུ་ལ་བརྒལ་མ་ཐུབ་པར་ངལ་གསོས་ནས་གདའ་སྐབས།  དགྲ་བོའི་འཇབ་རྒོལ་ཐེབས་པས་གྱོང་གུད་ཚབས་ཆེན་བཟོས་པ་འདྲ།   རྗེས་ནས་འཐབ་རར་གཙང་དག་བྱེད་མཁན་མ་བྱུང་པ་དང་ཡང་ན་དུས་ཚོད་མང་བོ་འགོར་བས།   ཉི་འོད་དང་ཆར་རླུང་སོགས་རང་བྱུང་གི་གནོད་པ་དང་ཤུགས་རྐྱེན་ཐེབས་པས་ས་འདི་ནས་ལུས་སོང་བ་འདྲ།  ད་སྐབས་ཁོད་ཡངས་པའི་རྩྭ་ཐང་འདིའི་ཁྱོན་ཡོངས་ན་ལྕགས་རིགས་སྣ་ཚོགས་ཀྱི་རོ་མས་ཁེངས་ཡོད་དོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1