དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་འགོ་ཚུགས།

གསར་འགོད་པ། ཨོ་རྒྱན་དང་རྟ་མགྲིན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-14


སྤྱི་ཟླ་9པའི་ཚེས་13ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་པར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་དངོས་སུ་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་། སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ཏང་ཚན་ཁག་གི་ཁོངས་མི། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཅུན་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ཞོགས་པའི་ཉི་འོད་འོག་གི་དར་མདོ་གྲོང་ཁྱེར་གྱི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་ལྟད་མོ་བ་སྟོང་ཕྲག་མང་པོའི་གདོང་ན་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། འགོ་ཚུགས་མཛད་སྒོའི་ལྟད་མོར་ཞུགས་པ་རེད། སྔ་དྲོའི་དུས་ཚོད་9པར་ལུས་རྩལ་ར་བར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་དྭངས་གཙང་གི་ཁུལ་ལུས་རྩལ་འགྲན་ཚོགས་ཀྱི་རུ་དར་དང་། དེ་བཞིན་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་རུ་དར་གྱི་སྣེ་ཁྲིད་འོག་ཤན་འབྱེད་པའི་དཔུང་ཁག་དང་། རྫོང(གྲོང་ཁྱེར)18 ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འཐུས་མི་རུ་ཁག་བཅས་རིམ་པ་བཞིན་ཚོགས་རར་ཞུགས་ཡོད་པ་རེད། ཚོགས་རར་ཡོངས་སུ་འཛོམས་རྗེས་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་རྒྱལ་དར་དང་ལུས་རྩལ་ཚོགས་པའི་རུ་དར་བསྒྲེངས།

ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཡུས་ཆུང་གིས་ཤིས་ཚིག་ཕུལ་བ་དང་། ཁོང་གིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལུས་རྩལ་འགྲན་ཚོགས་འཚོག་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།  ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ལུས་རྩལ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏང་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། ལུས་རྩལ་འཕེལ་རྒྱས་དང་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་བཏང་སྟེ་ལུས་རྩལ་སྙིང་སྟོབས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་མཉམ་འདྲེས་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད། ཁོང་གིས་ལུས་རྩལ་པ་ཡོངས་ཀྱིས་ལུས་རྩལ་གྱི་ཀུན་སྤྱོད་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་ནས་འགྲན་སྡུར་གྱི་ཉམས་འགྱུར་དང་ཆུ་ཚད་མཐོ་རུ་གཏང་རྒྱུའི་རེ་བ་ཡོད། ཤན་འབྱེད་པ་རྣམ་པས་སྒྲིག་སྲོལ་ནན་སྲུང་དང་ཁྲིམས་གཅོད་དྲང་གཞག་བྱ་རྒྱུའི་རེ་བ་ཡོད། ལས་དོན་མི་སྣ་ཡོངས་ཀྱིས་རང་འགན་ལ་བློ་དཀར་སེམས་དཀར་དང་སྤྲོ་སེམས་ཆེན་པོས་ཞབས་འདེགས་ཞུ་བའི་རེ་བ་ཡོད། རྒྱ་ཆེའི་ལྟད་མོ་བ་དང་གྲོགས་པོ་ཚོས་ཡ་རབས་དང་ཞི་མཐུན་ངང་འགྲན་སྡུར་ལ་བལྟས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ངོ་མཚར་ཆེ་ལ་ཁྱད་དུ་འཕགས་པ། སྤུས་ཚད་མཐོ་བ་བཅས་ཀྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་མཉམ་དུ་གཉེར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

འགོ་ཚུགས་མཛད་སྒོར་ལུས་རྩལ་པ་དང་། སྦྱོང་ཁྲིད་པ། ཤན་འབྱེད་པ་བཅས་ཀྱི་འཐུས་མིས་དམ་བཅའ་བཞག་ཅིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི༼སྤྲོ་སྣང་ལྡན་པའི་སློབ་གསེང་ལུས་རྩལ༽ཞེས་པའི་ཞབས་བྲོ་དང་། གླུ་མ་གྲགས་ཅན་ཚེ་དབང་ལྷ་མོ། གླུ་པ་འབྲུག་རྒྱལ་སོགས་ཀྱིས་གླུ་ངག་གི་འགྱུར་ཁུག་སྙན་མོ་དང་། གར་གྱི་སྟངས་སྟབས་བཟང་པོ་ལྟད་མོ་བའི་ཡིད་སེམས་གསོས་པའི་ལོངས་སྤྱོད་དུ་ཕུལ་ཡོད་པ་རེད།

ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རྫོང(གྲོང་ཁྱེར)ཁག་གི་འཐུས་མི་རུ་ཁག། མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་འགོ་ཚུགས་མཛད་སྒོར་ཞུགས།

མ་འོངས་པའི་ཉིན་དགུའི་རིང་ལ། དཀར་མཛེས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ལྷན་དང་གཞུང་དོན་ཁང་དང་འགྲན་སྡུར་ཚན་ཆུང་། འགོ་ཚུགས་དང་མཇུག་འགྲིལ་ཚན་ཆུང་། བདེ་འཇགས་སྲུང་སྐྱོང་ཚན་ཆུང་སོགས་འགན་ནུས་ཚན་ཆུང་10ཡིས་སྒྲིག་འཛུགས་བྱས་པའི་འོག་ཏུ། དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དང་དཀར་མཛེས་ཁུལ་མི་རིགས་ལུས་རྩལ་ཁང་། དཀར་མཛེས་ཁུལ་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་བཅས་སུ། མཆོང་རྒྱུག་འཕེན་གསུམ་དང་སླེ་གྲུག། རྐང་གྲུག། འཕེན་འཕང་སྤོ་ལོ། རྒྱལ་སྤྱིའི་ལུགས་ཀྱི་སྦེ་ག། འབོལ་འཇུ།  གླང་ཆེན་ས་གཤགས་སོགས་རྣམ་གྲངས་ཆེ་གྲས་7དང་རྣམ་གྲངས་ཆུང་གྲས་113ཡོད་པ་རིམ་པ་བཞིན་དུ་འགྲན་སྡུར་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1