དེང་གི་བོད་ཀྱི་རིག་གནས་སྨྲ་བའི་མཁས་པ་སྐད་གྲགས་ཅན་སྐུ་ཞབས་ནམ་མཁའི་ནོར་བུས་ཁོང་གི«བྱང་འབྲོག་ལམ་ཡིག»ཅེས་པའི་རྩོམ་དེབ་ཏུ། གླང་ཟླའི་བཞི་རྒྱལ་ཞེས་པ་ནི་འབྲོག་པའི་ལྷ་གསོལ་གྱི་དུས་སྟོན་ཆེ་ཤོས་ཤིག་རེད། ཅེས་གསུངས་པ་ལྟར། བོད་རིགས་དམངས་ཁྲོད་དུ་དར་བའི་སྲོལ་རྒྱུན་དུས་སྟོན་མང་པོ་ལས། གླང་ཟླའི་བཞི་རྒྱལ་ནི་མདོ་ཁམས་ཕྱོགས་སུ་དར་སྲོལ་ཆེ་བའི་དམངས་ཁྲོད་ཀྱི་ལྷ་གསོལ་དུས་ཆེན་གལ་ཆེན་ཞིག་སྟེ། ལོ་རེའི་བོད་ཟླའམ་ཧོར་ཟླ་ལྔ་བའི་ཚེས་པ་བཞིའི་ཉིན་མོར་རོང་འབྲོག་པ་རྣམས་ཀྱིས་བསང་བཏང་རླུང་རྟ་སྤུར་ནས་རི་ལྷ་གསོལ་བ་དང་། ལ་བཙས་བསྟོད་པ།(ལ་བཙས་ལ་ལབ་ཙེ་ཞེས་བྲིས་པའང་སྣང་།) དགྲ་ལྷའི་དཔལ་མཁར་བརྩིག་པ། དགྲ་ལྷའི་དཔང་བསྟོད་དང་ཀླུང་རྟ་བསྐྱེད་པའི་ཆོ་ག་བསྒྲུབ་པ་སོགས་དམངས་ཁྲོད་དད་མོས་དང་འབྲེལ་བའི་གསོལ་མཆོད་ཀྱི་ཆོ་ག་སྣ་ཚོགས་སྤེལ་ནས་དུས་ཆེན་དེ་གཏོང་བར་བྱེད་ཅིང་། དེ་དང་ཆབས་ཅིག་ཏུ་ཉིན་དེར་རྟ་རྒྱུག་འགྲན་པ་དང་། རྟ་ཐོག་ནས་མདུང་བསྐོར་བ་དང་མེ་མདའ་འཕེན་པ། རྟ་ཐོག་ནས་ཐང་གི་ཁ་དར་ལེན་པ་སོགས་ཀྱི་རྟ་རྩལ་འགྲན་པ་དང་། རྒྱུག་རེས་བྱེད་པ། འཇུ་རེས་བྱེད་པ་སྟེ་སྦེ་ག་རྩེ་བ། ས་སྒྱེ་འགྱོག་པ། ཐག་མཆོང་བྱེད་པ། མདའ་འཕེན་པ། རྡོ་རྒྱག་པ། འགྱིག་འདེད་པ་སྟེ་མིག་མང་རྩེ་བ་སོགས་རྩེད་མོ་སྣ་ཚོགས་བརྩེས་ནས་སྤྲོ་བསང་བྱེད་སྲོལ་ཡོད་པ་དེ་ཡོད་ཚད་དེང་རབས་ཅན་དུ་འགྱུར་བཞིན་པའི་དུས་རབས་འདིར་མཚོན་ན། ཕ་མེས་ནས་བརྒྱུད་པའི་གཟུགས་མིན་རིག་གནས་ཤུལ་བཞག(非物质文化遗产)སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཕན་སླེབས་ཆེ་བའི་བྱེད་སྒོ་གལ་ཆེན་ཞིག་གོ །ཟླ་བ་ལྔ་བ་ལ་གླང་ཟླ་ཞེས་བརྗོད་པ་ནི། གནའ་བོའི་བོད་མི་ཚོས་ལོ་སྐོར་ཟླ་བ་བཅུ་གཉིས་པོའི་ཐོག་མ་ཟླ་བ་དང་བོ་ནས་ཟླ་བ་བཅུ་གཉིས་པའི་བར་ལ་རིམ་པ་བཞིན་དུ་བྱ་ནས་སྤྲེལ་བར་གྱི་ལོ་རྟགས་སམ་ལོ་བརྙན་སྲོག་ཆགས་བཅུ་གཉིས་དང་ལྟོ་སྤྲད་ཅིང་ནམ་ཟླའི་དུས་རྟགས་དང་སྦྱར་ཏེ། ཟླ་བ་དང་བོ་ལ། བྱ་ཆུ་ནག་ལམ་ནག །ཟླ་བ་གཉིས་པ་ལ། ཁྱི་བོ་ཐོ་ཁ་སེ། ཟླ་བ་གསུམ་པ་ལ། ཕག་རི་སྐྱ་ཐང་སྔོན། ཟླ་བ་བཞི་བ་ལ། བྱི་རི་སྔོན་ཐང་སྔོན། ཟླ་བ་ལྔ་བ་ལ། གླང་རྩྭ་སྨྱོ་ཆུ་སྨྱོ། ཟླ་བ་དྲུག་པ་ལ། སྟག་ཁྲ་མེར་ཙིག་ཙིག །ཟླ་བ་བདུན་པ་ལ། ཡོས་ཁྲ་མོ་ནས་ཟན། ཟླ་བ་བརྒྱད་པ་ལ། འབྲུག་ཤིང་ལོ་རླུང་ཁྱེར། ཟླ་བ་དགུ་བ་ལ། སྦྲུལ་རྔ་མ་འཁྱག་འབྱར། ཟླ་བ་བཅུ་བ་ལ། རྟ་ཆུ་ཁ་དར་ཆགས། ཟླ་བ་བཅུ་གཅིག་པ་ལ། ལུག་ཁ་བཤུད་སྣ་ཆད། ཟླ་བ་བཅུ་གཉིས་པ་ལ། སྤྲེལ་ས་འགད་རྡོ་འགད་ཅེས་བརྗོད་སྲོལ་ཡོད་པ་ལས་ཤེས་ཐུབ་ལ། ཟླ་བ་དང་བོ་ལོ་རྟགས་བྱ་ནས་བརྩི་བ་འདི་ལོ་ཟླའི་རྒས་གཉེར་ལྟེབ་མར་བརྩེགས་པའི་ཁྲོད་དུ་ཐིམ་ལ་ཉེ་ཡང་། གང་དེ་ལུང་བ་ཆ་ངེ་ཆུང་ངེ་ཁ་ཤས་ཤིག་གི་རྩིས་ལུགས་ཉི་ཚེ་བ་ཙམ་དུ་མ་ཟད་པར། གནའ་སྔ་མོར་ཨ་མདོ་དང་ཁམས་ཕྱོགས་ཀྱི་ས་ཆ་མང་བོའི་དམངས་ཁྲོད་དུ་དར་ཆེ་བ་ཞིག་དང་ད་ལྟའང་ངག་རྒྱུན་མ་ཉམས་པར་ཡོད་པ་ཞིག་སྟེ། བོད་དུ་དར་བའི་ནག་རྩིས་སམ་འབྱུང་རྩིས་ཀྱི་ལུགས་དང་ཐུན་མོང་མ་ཡིན་པའི་ཟླ་བ་བརྩི་སྟངས་འདི་ལ་སྐར་རྩིས་རིག་པ་དང་དམངས་སྲོལ་རིག་པ་སོགས་ཀྱི་ཆ་ནས་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་པར་སེམས་སོ། ། དེ་ཡང་གླང་ཟླའི་བཞི་རྒྱལ་ཞེས་པའི་བཞི་ནི་ཟླ་བ་ལྔ་བའི་ཚེས་བཞིའི་ཉིན་ཏེ། རྒྱལ་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་གི་བྲ་ཉེ་ནས་བརྩིས་པའི་བདུན་པ་སྐར་མ་རྒྱལ་ལ་གོ་དགོས། ཞིབ་རྩིས་བྱས་ན་ཉིན་དེར་སྐར་མ་རྒྱལ་ལ་ཁེལ་བའི་ངེས་པ་མེད་ཀྱང་། རགས་རྩིས་ཀྱི་དབང་དུ་བྱས་པའི་སྐར་ཡིག་གམ་གཏན་ལེ་རྣམས་སུ་ཉིན་དེ་སྐར་མ་རྒྱལ་ལ་ཁེལ་ཡོད་པས་བཤད་སྟངས་དེ་བྱུང་ཞིང་། སྐར་མ་རྒྱལ་དེ་སྐར་མ་ཤིན་ཏུ་དམིགས་བསལ་འགངས་ཆེན་ཞིག་ཏུ་བརྩི་དོན་ནི། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཁོང་ཡབ་དམུ་རྒྱལ་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ། ཡུལ་སྟག་གཟིག་འོལ་མོ་ལུང་རིང་གི་མཁར་བར་བོ་སོ་བརྒྱད་དུ། ལོ་ཡི་རྒྱལ་བོ་ཤིང་ཕོ་བྱི་བ། ཟླ་བའི་དང་བོ་དཔྱིད་ཟླ་ར་བ། ཞག་གི་སྙིང་བོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་བོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་སྐུ་འཁྲུངས་པར་བཤད་པ་དང་། བསྟན་འགྱུར་ཁྲོད་ཀྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་བོས་བོད་དུ་བསྒྱུར་པའི«སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ»ལས། སྐྱེད་མོས་ཚལ་ནི་ལུམྦི་ནཱིར། །འཇིག་རྟེན་གཙོ་མོ་སོང་གྱུར་ཏེ། །ས་བདག་དང་ནི་སླས་རྣམས་དང་། །མདུན་ན་འདོན་དང་ལྷན་ཅིག་གནས། །དེར་ནི་མྱ་ངན་མེད་པ་ཡི། །ཡལ་ག་ལ་འཇུས་བརྟུལ་ཞུགས་གནས། །མཁའ་ལ་ལྷ་ཡི་བུ་མོ་རྣམས། །ཟླ་བ་དང་ནི་སྐར་ཚོགས་འདྲ། །སྐར་མ་རྒྱལ་ལ་བབ་པ་ན། །དེའི་སྲས་རྩིབ་མའི་ལོགས་ནས་ནི། །འགྲོ་ལ་ཕན་པ་མཁྱེན་པ་ཡི། །ཉི་མ་ཤར་བ་བཞིན་དུ་བྱུང་། །མཚན་མཆོག་ཡང་དག་རྫོགས་པ་ཡི། །གཙོ་བོ་ཉིད་ཀྱི་སྐུ་ཡི་འོད། །འཛམ་བུ་ཆུ་བོའི་གསེར་འདྲ་ཡིས། །ཕྱོགས་རྣམས་རབ་ཏུ་སྣང་བར་གྱུར། །ཞེས་ནང་བ་སངས་རྒྱས་པའི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་ཁོང་སྐར་མ་རྒྱལ་ལ་བབ་པའི་ཚེ་སྐུ་བལྟམས་པར་བཤད་པ་དང་། མ་སངས་ཡོངས་ཀྱི་བདག་པོ། སྐྱེས་པ་ཡོངས་ཀྱི་དགྲ་ལྷ། ཝེར་མ་ཡོངས་ཀྱི་གཙོ་བོར་བསྔགས་པའི་མི་རིགས་ཀྱི་དཔའ་བོ་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་ཁོང་སྟག་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་འཁྲུངས་པར་བཤད་པ་སོགས་ཀྱི་ལོ་རྒྱུས་དྲན་ཤེས་དང་འབྲེལ་བ་ཡོད་པར་སྙམ་སྟེ། བོད་པ་ཚོས་སྐར་མ་རྒྱལ་དང་གཟའ་ཕུར་བུ་ལྷན་དུ་འཆར་བའི་ཉི་མ་ལ་རྒྱལ་ཕུར་འཛོམས་པའི་འཕྲོད་སྦྱོར་ཞེས་ཉིན་བཟང་སྐར་བཟང་ཤིན་ཏུ་གལ་ཆེན་ཞིག་ཏུ་བརྩི་བ་ཡིན།གླང་ཟླའི་བཞི་རྒྱལ་གྱི་ཉིན་མོར་རང་སའི་ཡུལ་ལྷ་གཞི་བདག་མཐུ་བོ་ཆེ་རྣམས་ལ་གསོལ་མཆོད་བྱེད་པའི་ཆོ་ག་སྣ་ཚོགས་སྤེལ་སྲོལ་ཡོད་པ་དེ་གནའ་མི་རྣམས་ཀྱིས་ཕ་མེས་ཀྱི་མཚུན་ལྷ་བཀུར་བ་དང་། རིགས་ཀྱི་དཔའ་བོ་བཀུར་བ། ལྷ་ཀླུ་གཉན་གསུམ་བཀུར་བ་བཅས་ཀྱི་གདོད་མའི་དད་མོས་དང་འབྲེལ་བ་དམ་ཟབ་ཡོད་པར་ངེས་ཏེ། ཚུགས་ཐུབ་དང་འགྱུར་མེད་དད་སེམས་ཀྱིས་མི་རིགས་རང་གི་གནའ་སྲོལ་དེ་ཉིད་ད་ལྟའི་བར་དུ་མ་ཉམས་པར་རྒྱུན་བསྲིངས་ཐུབ་པ་བྱུང་ཞིང་། དེ་ལ་བརྟེན་ནས་དེར་འབྲེལ་མི་རིགས་ཀྱི་དམངས་སྲོལ་རིག་གནས་སམ་ཡུལ་ཆོས་རིག་གནས་སྣ་ཚོགས་མི་ཉམས་ཡུན་རིང་དུ་གནས་ཐུབ་པ་བྱུང་ངོ་། །