ནས་ནི་མཚོ་བོད་མཐོ་སྒང་གི་ཞིང་ལས་སྐྱེ་དངོས་གཙོའི་གྲས་ཡིན་ཞིང་། ཉིན་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་མུའུ་ཁྲི་22ཟིན་པའི་ནས་ཞིང་བརྔ་འགོ་ཚུགས་ཏེ་སྟོན་བསྡུའི་རྣམ་པས་ཡོངས་སུ་ཁེངས།
མང་རྫོང་ནི་མཚོ་སྔོན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཉི་འོད་ཆེ་ཞིང་ཉིན་མཚན་བར་གྱི་དྲོད་ཚད་ཧེ་བག་ཆེ་བས། ནས་སྐྱེ་འཕེལ་ལ་ཧ་ཅང་འཚམ། འདི་ལོ་མང་རྫོང་གིས་ནས་མུའུ་ཁྲི་22.3བཏབ་པ་དང་། སྔོན་དཔག་བྱས་ན་ཐོན་ཚད་ཏུན་ཁྲི་5.9ལས་བརྒལ་རྒྱུ་རེད། གནམ་གཤིས་ཡག་པའི་སྐབས་དང་བསྟུན་ཆེད། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲུལ་ཆས་སྒྲིག་འཛུགས་ཧུར་ཐག་བྱས་ནས། བཙས་མ་བརྔས་ཏེ་ཟླ་9པའི་ཟླ་མཇུག་ཏུ་སྟོན་བསྡུའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་རེད།