༄༅། །ཁང་སའམ་གཞིས་སའི་ཐད་ནས་རྩོད་གླེང་བྱུང་ན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག་གམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


གྱོད་དཔེ།

ང་ཚོ་སྡེ་བའི་འབུམ་སྐྱབས་ཚང་དང་དབང་ཆེན་ཚང་གཉིས་ཁྱིམ་མཚེས་ཡིན་ལ། ལོ་གཉིས་ཀྱིས་སྔོན་ལ་ཁོ་གཉིས་ཀྱི་བར་ཁང་སའི་སྤྱོད་དབང་ཐད་མ་མཐུན་པར་རྩོད་པར་བྱུང་སྟེ་འགལ་བ་ཆེན་པོ་བྱུང་། འགལ་བ་དེ་ཛ་དྲག་མ་བྱུང་གོང་སྡེ་བའི་ནང་གི་རྒན་པོ་བསམ་ཤེས་ཅན་འགས་གནད་དོན་དེ་ཐག་གཅོད་བྱེད་བསམ་ནས་བར་འདུམ་བྱས་ཀྱང་། འབུམ་སྐྱབས་ཀྱིས་རང་ཉིད་ལ་བརྙས་བཅོས་དང་ཐུབ་ཚོད་བྱས་སོང་ཟེར་ནས་སྡེ་བའི་ནང་གི་རྒན་པོ་དེ་དག་གི་བར་འདུམ་ཁས་མ་བླངས་བར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས། ཡིན་ཡང་ཁྲིམས་ཁང་གིས་ཁོའི་ཞུ་གཏུག་བདག་སྤྲོད་མ་བྱས། འབུམ་སྐྱབས་ཀྱི་བསམ་པར་ཁོ་ལ་གནས་ལུགས་ཡོད་ཅིང་བདེན་དཔང་ཡང་ཁུངས་བཙན་ཡིན་ཡང་ཁྲིམས་ཁང་གིས་ཁོའི་གྱོད་དོན་བདག་སྤྲོད་མི་བྱེད་པ་ནི་དངོས་གནས་དྲང་བདེན་ཞིག་མིན་སྙམ་ཡོད། འོ་ན་ཅིའི་ཕྱིར་འབུམ་སྐྱབས་ཀྱི་གྱོད་དོན་དེ་ཁྲིམས་ཁང་གིས་བདག་སྤྲོད་མ་བྱས་པ་ཡིན།།


ཁྲིམས་བཤད།

《ས་ཆ་བདག་སྤྲོད་བྱེད་དབང་ཕྱོགས་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་16པར། ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་བྱེད་དབང་ཐད་རྩོད་པ་བྱུང་བ་རྣམས་དོ་བདག་ཕན་ཚུན་ཟུང་གིས་གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་རྒྱུ་དང་། གྲོས་མཐུན་མ་བྱུང་བའམ་གྲོས་ཐག་མ་ཆོད་ཚེ་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་རྒྱུ། སྡེ་ཚན་བར་རྩོད་པ་བྱུང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ། མི་དང་མིའི་བར་དང་། མི་སྒེར་དང་སྡེ་ཚན་བར་རྩོད་པ་བྱུང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་ངམ་རྫོང་མི་ དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ། འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་པ་ལ་དོ་བདག་པ་ཡིད་འཐད་མ་བྱུང་ཚེ། ཐག་གཅོད་བྱས་པའི་ཉིན་ནས་བཟུང་ཉིན་སུམ་ཅུའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག ས་ཆ་བདག་འཛིན་བྱེད་དབང་དང་བཀོལ་སྤྱོད་དབང་སྐོར་གྱི་གྱོད་དོན་ཐག་གཅོད་མ་བྱེད་གོང་ལ་དོ་བདག་ཕྱོགས་སུས་ཀྱང་ས་ཆ་བེད་སྤྱོད་བྱས་ཚུལ་སྒྱུར་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད། གཏན་འཁེལ་འདི་ནས་ང་ཚོས་ཤེས་ཐུབ་པ་ནི།

1.ཁང་སའི་སྤྱོད་དབང་ཐོག་རྩོད་གླེང་བྱུང་ན་དོ་བདག་པས་མི་དམངས་ཁྲིམས་ཁང་ལ་ཐད་ཀར་དུ་གཏུག་བཤེར་ བྱེད་མི་ཆོག སྔོན་ལ་སྲིད་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ཁང་སའི་སྤྱོད་དབང་སྐོར་གྱི་རྩོད་གླེང་ཐག་གཅོད་

རྒྱུ་དང་དེ་ནི་ཁྲིམས་བཀོད་ཀྱི་སྔོན་འགྲོའི་སྒྲིག་རིམ་ཡིན། 

2.ཁང་སའི་སྤྱོད་དབང་ཐོག་རྩོད་གླེང་བྱུང་ན་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱེད་མི་ཆོག ཕ་རོལ་པས་མི་སྒེར་རང་ཉིད་ཀྱི་ཁེ་དབང་ལ་གནོད་སྐྱེལ་བའི་རྐྱེན་གྱིས་གནོད་སྐྱེལ་མཚམས་འཇོག་པ་དང་གེགས་རྐྱེན་སེལ་བའམ་ཡང་ན་དམངས་དོན་གཞན་རིགས་གཏུག་བཤེར་བྱེད་མི་ཆོག དེ་ནི་ཁང་སའི་སྤྱོད་དབང་གི་རྩོད་གླེང་ཐག་གཅོད་བྱས་མེད་པའི་ རྐྱེན་གྱིས་ཁྲིམས་ཁང་གིས་ཁང་སའི་སྤྱོད་དབང་སུ་ལ་གཏོགས་མིན་ཐག་གཅོད་ཐབས་མེད་ཕྱིར་ཁེ་དབང་ལ་གནོད་སྐྱེལ་ཡོད་མེད་ཐད་བརྡར་ཤ་གཅོད་མི་ཐུབ། 

3.མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ལས་ཁུངས་ཀྱི་ཆོད་དོན་ལ་མོས་མཐུན་མ་བྱུང་ཚེ་སྲིད་འཛིན་གཏུག་བཤེར་ལས་དམངས་དོན་གཏུག་བཤེར་བྱེད་མི་ཆོག དེའི་མ་ཟད་ཐག་གཅོད་བྱས་པའི་མཇུག་འབྲས་ཀྱི་བརྡ་ཐོ་འབྱོར་ཉིན་བཟུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས་པ་དང་། དེ་ལྟར་མིན་ཚེ་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་གཏུག་བཤེར་དེར་བདག་སྤྲོད་མི་བྱེད་པ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1