ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་འདིར་ཤིས་འཕྲིན་སྤྲིངས་པ།

ཡིག་སྒྱུར། ཟླ་བ་ཚེ་རིང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-27


སྤྱི་ཟླ་9པའི་ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་རྒྱུན་མཐུད་ཡོང་བ་བྱེད་པའི་མཐོ་རིམ་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས། བདེ་འཇགས་དང་། སྟབས་བདེ། ལས་ཆོད་མཐོ་བ། སྦགས་མེད། གྲོན་ཆུང་། ཁོང་ཡངས། ལྡེམ་ཤུགས་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་རྒྱུན་མཐུད་ཡོང་བ་བྱེད་པའི་མ་ལག་ཅིག་བསྐྲུན་རྒྱུ་ནི་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་སྒོ་ནས་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བ་དང་། “མི་སྣ་བདེ་བགྲོད་དང་། དངོས་ཟོག་ཤར་གཏོང”གི་མཛེས་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་ངང་བསྐྲུན་བཞིན་ཡོད་པ་དང་། མུ་མཐུད་དེ་འཛམ་གླིང་དང་སྦྲེལ་མཐུད་དང་། དུས་རབས་དང་ཤར་བགྲོད་ཐུབ་པ་རྒྱུན་འཁྱོངས་ཀྱིས། གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དམ་པ་དོན་དུ་གཉེར་བ་དང་། རང་ངོས་འཕེལ་རྒྱས་འགྲོ་བ་དེས་འཛམ་གླིང་ལ་གོ་སྐབས་གཏོད་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འགྲིམ་འགྲུལ་རྒྱུན་མཐུད་ཡོང་བ་བྱེད་པའི་གོང་འཕེལ་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་ནས། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་བསྟན་འདུག

གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་རྒྱུན་མཐུད་ཡོང་བ་བྱེད་པའི་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་“འགྲིམ་འགྲུལ་རྒྱུན་མཐུད་ཡོང་བ་བྱེད། ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་གོ་ལོ་ཧྲིལ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱེད”ཅེས་པ་དེ་ཡིན་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གཙོ་གཉེར་བྱས་པ་དང་། ཚེས་25ཉིན་པེ་ཅིང་དུ་འགོ་ཚུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1