༄༅།།གདོང་ཆོས་ལུ་བུ་ཡི་དར་འཕེན་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 10-18


ཉིན་ཞིག་ལ་གདོང་ཆོས་ལུ་བུ་ཡི་དར་འཕེན་དེ། རྟ་འདོ་བ་སྨུག་པོ་ལྡིང་ཤེས་སྟེང་དུ་ཞོན་ནས། བཙན་པོ་ལྕགས་མཁར་སྒོ་མེད་འདྲ་བ་གཅིག་བྱས་ཏེ། མདུང་ནག་ཞགས་པ་འདྲ་བ་གཅིག་ལ་དར་དམར་གྱི་བ་དན་ཟུར་གསུམ་ཞིག་བཏགས་ནས་དགྲ་དར་འཚུབས་སེ་རྨ་ཆུ་ཁམ་པ་རབ་མེད་དེ་སྒྲོ་དྲས་པ་ལྟར་བཅད་དེ་ཧོར་སྒར་གྱི་འགྲམ་དུ་སླེབས་པ་དང་། ཤན་པའི་སྒར་སྒོའི་སྐད་ཐོས་ས་ནས། མདུང་རྟིང་ས་ལ་བརྡབས་ཏེ་སྟོང་འཇུག་དང་སྐད་ཆ་གཞན་གང་ཡང་མེད་པར་གླུ་འདི་བླངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   གླུ་མཆོད་ཅིག་མེ་རླུང་དཀྱིལ་འཁོར་ནས། །

   བཙན་རྒྱལ་གཉན་སྟག་དམག་གི་ལྷ། །

   དེ་རིང་སྡང་དགྲའི་སྙིང་ཁྲག་མཆོད། །

   མཆོད་ཅིག་དགྲ་ལྷའི་ཁྲ་མཁར་ནས། །

   སེང་ཆེན་དུང་གྲགས་དཔའ་བོའི་ལྷ། །

   དེ་རིང་དགྲ་བོའི་བླ་སྲོག་འབུལ། །

   མཆོད་ཅིག་ཁྲག་མཚོ་ཁོལ་མའི་ནང་། །

   བསྟན་སྲུང་ཆོས་ཀྱི་སྒྲོན་མ་ལ། །

   དེ་རིང་དགྲ་བོའི་མགོ་སྐེ་འབུལ། །

   མཆོད་གཟིགས་དར་འཕེན་སྡོངས་གྲོགས་མཛོད། །

   སྡང་དགྲའི་སྙིང་སྲོག་ལོན་པར་ཤོག །

   ས་འདིའི་ས་ངོ་མ་ཤེས་ན། །

   གླིང་སྟོད་རྨ་ཆུའི་གཡོན་ཟུར་ན། །

   ཧོར་གུར་དཀར་དམ་ཉམས་ཁ་སྔོན་རེད། །

   ཤན་སྡིག་གཅོད་པཱ་དུར་གཞི་དཀྱིལ་རེད། །

   ཕོ་ང་འདྲ་ང་ངོ་མ་ཤེས་ན། །

   གླིང་ཆུང་རྒྱུད་མདུང་སོ་སྒྲོ་གང་ལ། །

   དཔའ་ངར་རྒོད་ཆོས་ལུ་དར་འཕེན་ཡིན། །

   དེ་རིང་རྟིང་མའི་རེས་ལ་བབ། །

   བབ་དོན་རྩ་བ་ཤོད་ཟེར་ན། །

   དགུང་སྔོན་གཡུ་འབྲུག་སྔོན་མོ་སྐད། །

   གྲགས་ངེས་ན་འཇིག་རྟེན་འུར་སྒྲས་འགེངས། །

   བར་སྣང་ཁམས་ཀྱི་ཐོག་མདའ་དེ། །

   འབབ་ངེས་ན་གར་བབས་རྩ་བརླག་གཏོང་། །

   རི་གཟར་ངོས་ཀྱི་རྦབ་རྒོད་དེ། །

   འགྲིལ་ངེས་ན་ལ་རིང་ཧ་ལ་འཕེན། །

   གླིང་ལྷ་དམག་ནང་ནས་དར་འཕེན་ང་། །

   ཆས་ཟེར་ན་དགྲ་སྙིང་སྦར་མོས་འདེབས། །

   ལས་ཅི་མ་ཡིན་ལ་སྡོད་མི་མིན། །

   ཡང་མིན་ན་སེངྒེའི་གཡུ་རལ་འབྲེག །

   དེ་མིན་ན་སྟག་མོའི་འཛུམ་དྲུག་འགོག །

   ཡང་མིན་ན་བྲེ་སེར་རྭ་རྩེ་གཅོད། །

   དེ་མིན་ན་གུར་དཀར་མགོ་ལག་ལེན། །

   ཡང་མིན་ན་ཤན་པའི་གསོན་སྙིང་འདྲེན། །

   བུ་སྣང་ངུ་ཤོར་བའི་ཤ་ལན་གཅིག །

   ང་དར་འཕེན་རྟིང་མའི་སྐལ་བ་གཉིས། །

   ཧོར་སེར་པོས་དེ་བྱས་ལས་དང་གསུམ། །

   ཕོ་ལེ་ལན་རྔ་དང་རྔ་ལྕག་ཡིན། །

   སྐྱེས་ལན་བྲག་དང་ཤུག་པ་ཡིན། །

   ལ་ཐུར་ས་ཡི་མགོ་སྦྲེལ་ཡིན། །

   ངས་དེ་གསུམ་དུས་གཅིག་ཆོད་ལེ་བྱེད། །

   ཧོར་ཨ་ཆེན་དམར་ནག་བཅུ་གཉིས་ནས། །

   བཙན་ཁྲི་རྗེ་གུར་དཀར་ཡོད་ན་ལོངས། །

   ཁྱི་ཐག་ནག་ཤལ་ལེར་གླིང་ལ་ཁྲིད། །

   དཔུང་ཆེན་གུར་སེར་དཔོན་ཆུང་ལོངས། །

   མདའ་ཉག་ཕྲན་འབེན་ལ་མི་འཇོག་རི། །

   ཚོ་ཆེན་གུར་ནག་ཚང་མ་ལོངས། །

   གྲི་ངར་མས་ཁམ་བགོས་མི་བྱེད་རི། །

   ཕོ་ཡོད་ན་གླིང་པོ་ཁྲ་འབར་ལོངས། །

   མདུང་སྐྱ་རིང་རྩེ་ལ་མི་སྐྱོན་རི། །

   དཔའ་ཡོད་ན་ཤན་པ་རྨེ་རུ་ལོངས། །

   སྲོག་དམར་པོ་ནོམ་ལ་མི་ལེན་རི། །

   ཁྱོད་ཧོར་སེར་འབུམ་ཚོ་བཅུ་གཉིས་དེ། །

   ལས་དང་པོ་ཧོར་ནས་མ་ཡོང་དགོས། །

   བྱུང་ཚུན་ནས་ཁ་རོག་འཇོག་རྒྱུ་མིན། །

   ཡང་མིན་ན་གླིང་རུ་ཟེར་བ་གཅིག །

   ཡང་མིན་ན་ཧོར་སེར་ཟེར་བ་གཅིག །

   དེ་མིན་ན་ཞལ་དཀར་ཟེར་བ་གཅིག །

   ཡང་མིན་ན་གུར་དཀར་ཟེར་བ་གཅིག །

   ཡང་མིན་ན་དཔའ་བརྟུལ་ཐོགས་ལེ་གཅིག །

   དེ་མིན་ན་ཤན་པ་ཐོགས་ལེ་གཅིག །

   ལས་བར་མ་སྐབས་ལ་སྡོད་རྒྱུ་མིན། །

   ཁྱོད་ཆུ་ཆེན་ཡིན་བསམ་གླིང་ལ་བབས། །

   གླིང་གཞུང་དྲུག་ཧུབ་ཀྱིས་འདྲེན་ནོ་ཟེར། །

   ཆུ་ཐང་ལ་འཁྱིལ་ན་ཆུ་ཆེན་མིན། །

   མེ་འབར་བསམ་གླིང་དཀར་སྟོད་ལ་འབར། །

   གླིང་ལྷ་ཤིང་སོལ་དུམ་བཟོ་འོ་ཟེར། །

   ཐང་རྩྭ་སྦུར་ཐོག་ན་མེ་ལྕེ་ཡལ། །

   ཧོར་རྒོད་བསམ་གླིང་ཡུལ་དམག་གིས་བཀང་། །

   ཕོ་དཔའ་བརྟུལ་གྱི་གཏུག་ཡ་མི་ལངས་ན། །

   ཕོ་རང་གུར་ནང་གཉིད་རྒོད་པོ་མིན། །

   རྒོད་བསམ་ན་ཨ་ཕོའི་གདོང་ལ་ལོངས། །

   ང་དར་འཕེན་དུག་གི་སྡོང་བོ་ཟེར། །

   བོད་སྒང་པའི་ས་ལ་རླུང་ལྟར་གྲགས། །

   དུག་ཧ་ལ་ཟ་ན་དེ་རིང་ལོངས། །

   ལག་ལ་བཟུང་བའི་མདུང་ནག་འདི། །

   ཤིང་ཡར་སྐྱེས་ཆུ་ཤིང་ནག་པོ་ཡིན། །

   སྐེད་ཡན་ལ་དུག་གིས་ངར་ཆུ་བླུད། །

   སྡང་དགྲ་སྡེ་བཙན་དུག་ནག་པོས་གསོད། །

   སྐེད་མན་ལ་བཟང་དྲུག་སྨན་གྱིས་བྱུག །

   ཕོ་དཔའ་བོའི་སྙིང་རྩ་སྨན་གྱིས་གསོ། །

   མདུང་སོ་ངར་མའི་ལྕགས་ལ་བྱས། །

   ལྕགས་ཁྲོ་ཚ་ངར་མས་གཞུང་རྡུང་བྱས། །

   ལི་ཚ་སྔོན་པོས་རྩེ་རྡུང་བྱས། །

   ངར་ཆུ་སྲིན་པོའི་ཁྲག་ལ་བྱས། །

   མདུང་རྩེ་མེ་ལྕེ་འབར་བ་འདྲ། །

   དགྲ་རྩྭ་ཕུང་མེ་ལྕེ་འཕྲད་པ་འདྲ། །

   མདུང་སྐེད་དུག་སྦྲུལ་ལངས་པ་འདྲ། །

   སྦྲུལ་དུག་ལྕེས་ཟིན་ན་ཐར་ས་མེད། །

   མདུང་རྟིང་རྡོ་རྗེ་བྲག་ལ་གཏད། །

   ཕོ་ཤེད་ཆེན་བརྒྱ་ཡིས་བསྒུལ་བ་དཀའ། །

   འདི་འཛིན་པའི་བུ་ལ་བཀྲ་ཤིས་ཡོད། །

   གར་བརྒྱབ་བུ་ལ་ཐར་པ་མེད། །

   ངས་དེ་རིང་ཉི་མའི་གདོང་གང་ལ། །

   ཧོར་གུར་དཀར་མདུང་གི་རྩེ་ལ་སྐྱོན། །

   སྟོབས་ཆེན་མདུང་གི་སྐེད་ལ་སྐོན། །

   ཤན་པ་མདུང་གི་གདན་ལ་འཇོག །

   ཧོར་མི་མང་ཕྲེང་རྡོག་འདྲེན་འདྲེན་བྱེད། །

   ཁྲག་དམར་རྐ་ཆུ་བཞུར་བཞུར་བྱེད། །

   རྒོད་ཐང་དཀར་ཁྲག་གིས་སུན་ལེ་གཅིག །

   སྤྱང་རི་ཁྱི་ཤ་ལ་འབྲོ་ལེ་གཅིག །

   ཐང་སེར་མོ་མི་རོས་གང་ལེ་གཅིག །

   བརྒྱ་སྟོང་ཁྲི་འབུམ་མ་དཀྲུགས་ན། །

   དར་འཕེན་དུག་གི་སྡོང་པོ་མིན། །

   ཕོ་ཤི་ཐེངས་དགུ་ལས་མི་ཐུ་རི། །

   ཧོར་དམག་སྒར་གྲུ་བཞི་ལམ་ལམ་འདི། །

   ལམ་ཁ་ཤོ་གར་བཏོད་ང་རང་ཤེས། །

   མི་མང་འབུམ་ཚོ་བཅུ་གཉིས་དེ། །

   འབྲུ་སེར་བས་བཅོམ་བཅོམ་ང་ཡིས་བྱེད། །

   དེ་ཨེ་རེད་མ་རེད་མིག་གིས་ལྟོས། །

   གཏམ་ཁ་ནས་སྔོན་ལ་ཅི་འབུད་དེ། །

   ལག་ལེན་སྟེང་ལ་མ་ཁེལ་ན། །

   དར་འཕེན་མིན་པའི་རྟགས་ལ་ཞོག །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   ཁྱོད་ཧོར་སེར་ཡིད་ལ་དེ་ལྟར་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1