ཟླ་10ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ།
ཟླ་10ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་རྒྱལ་སྤྱིའི་སྐུ་མགྲོན་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་གནང་བ་རེད། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་ཡོད་པ་རེད།
འབྲས་ལྡན་དུས་ཀྱི་པེ་ཅིང་གི་དགོང་དྲོའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གློག་སྒྲོན་རྣམ་པར་བཀྲ་བ། མི་དམངས་ཚོགས་ཁང་ཆེ་མོ་རྔམ་བརྗིད་དང་གཟི་ཉམས་ལྡན་པ་ཞིག་ཡོད།
མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་ཕྱི་རྒྱལ་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་ཁྲིད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་རྒྱལ་སྤྱིའི་སྐུ་མགྲོན་དང་ཁོང་རྣམ་པའི་སྐུ་ཟླ་གཅིག་མཇུག་གཉིས་མཐུད་ངང་མི་དམངས་ཚོགས་ཁང་ཆེ་མོར་འབྱོར། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་རྒྱལ་དར་150ལྷག་ཙམ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དར་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་སྟར་འགྲིག་པོས་བཙུགས་ཡོད་པ་དེ་དག་རྔམ་བརྗིད་ལྷག་པར་ལྡན།
ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཕྱི་རྒྱལ་གྱི་འགོ་ཁྲིད་དང་ཁོང་རྣམ་པའི་སྐུ་ཟླར་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ནས་ཕྱག་བཏང་གནང་བ་དང་འབྲེལ། ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྐུ་མགྲོན་ཚོ་དང་ལྷན་དུ་གསེར་མདོག་ཚོམས་ཆེན་དུ་ཕེབས་པ་རེད།
ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་མཁན་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། “དཔྱིད་དུས་རེ་བའི་ཞིང་ལ་ས་བོན་བཏབ། སྟོན་དུས་ལོ་ལེགས་འབྲས་བཟང་རབ་ཏུ་སྨིན” “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10སོང་རིང་། ཀྲུང་གོས་ཕྱོགས་ཁག་གི་མཉམ་ལས་རོགས་ཟླ་དང་མཉམ་དུ་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ལ་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་ལས་སྟེགས་བསྐྲུན་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་བསྣན་ཡོད། ང་ཚོས་དངོས་སྒྲུབ་མཉམ་ལས་ཀྱི་རྣམ་གྲངས་སྟོང་ཕྲག་ཁ་ཤས་ལག་བསྟར་བྱས་པ་བརྒྱུད། དངོས་དངོས་རྗེན་རྗེན་དང་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ནས་འཛམ་གླིང་དང་འབྲེལ་མཐུད་དང་མཛེས་ཀུན་གཅིག་འདུས་ཀྱི་བརྗིད་ཆགས་ཉམས་དགའི་འཆར་གཞི་མཉམ་དུ་བཀོད་ཡོད། གྲུབ་འབྲས་འདི་དག་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། ཁེ་ལས། མི་དམངས་བཅས་ཀྱིས་འབད་བརྩོན་དང་། བློ་གྲོས། དཔའ་ངར་བཅས་ལ་བརྟེན་ནས་དོན་དུ་གཉེར་བ་ཞིག་རེད། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞུགས་མཁན་ཡོངས་དང་འཛུགས་སྐྲུན་པ་ཡོངས་ལ་གུས་འདུད་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་བརྩོན་ལེན་བྱེད་པ་དེ་འཕེལ་རྒྱས་དང་། བརྩི་མཐོང་བྱེད་པ་དེ་གཉིས་ཁེ། བརྒྱུད་སྤྲོད་བྱེད་པ་དེ་རེ་བ་བཅས་ཡིན། འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱས་ཚེ་གཞི་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ངེས་པ་དང་། གཞི་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་ཕུགས་ཕན་བྱས་རྗེས་འཇོག་ཐུབ། འདི་ནི་ང་ཚོ་མི་རབས་འདིའི་ཆབ་སྲིད་མཁས་པས་མི་རབས་འདི་དང་ཕྱི་རབས་པའི་ཆེད་དུ་འཁུར་བའི་འགན་འཁྲི་ཞིག་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལོ་བཅུ་པོ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ནས་འདས་པ་དང་། མིག་སྔར་གཟི་དཔལ་རྒྱས་སྒང་དུ་སླེབས་ཡོད་པས། སྙིང་སྟོབས་རབ་འཕེལ་གྱི་ཐོག་ནས་འབྲས་ལྡན་གྱི་ལོ་10ཕྱི་མ་དེའི་ཕྱོགས་སུ་སྐྱོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དེང་གི་འཛམ་གླིང་ནི་ཞི་བདེ་ལྷིང་འཇགས་ཤིག་མ་རེད། འཛམ་གླིང་དཔལ་འབྱོར་གྱི་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགྲན་སློང་མང་པོ་འཕྲད་ཡོད། ཡིན་ནའང་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད། རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་རེ་འདུན་བཅས་འགོག་ཐབས་མེད་པ་ཞིག་ཡིན་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། འཕེལ་རྒྱས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཚེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དུས་རབས་ཀྱི་འོད་སྟོང་འཕྲོ་ངེས་རེད་ལ། ང་ཚོའི་ཐུན་མོང་འབད་བརྩོན་བརྒྱུད་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།
གསོལ་སྟོན་གྲུབ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ《དར་གོས་ལམ་བུར་མཉམ་དུ་བསྐྱོད》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་ནས“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཀྱི་ངོ་མཚར་ཆེ་བའི་ཤེས་དཔལ་དང་འོད་སྟོང་འཕྲོ་བའི་རིག་གནས་སྤེལ་རེས་དཔྱད་གཞིར་འཛིན་པ་དང་མཛེས་ཀུན་གཅིག་འདུས་ལ་མྱོང་རོལ་གནང་བ་རེད།
ཝང་དབྱི་དང་། དབྱིན་ལི། ལི་ཧྲུའུ་ལེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད། །