ལྡོང་འབུམ་པ་རྒྱ་ཚ་ཞལ་ལུ་དེ་ཉིད་ཞལ་ངོ་སྤྲིན་ནག་འཁྲིགས་འཁྲིགས། །སྤྱན་མིག་གློག་དམར་འཁྱུག་འཁྱུག །རྟ་རྒྱ་བྱ་སོག་དཀར་གྱི་སྟེང་དུ་བུད་ནས། །སོ་བ་འགྲོ་ལུགས་ཀྱི་གླུ་ངག་རྟ་དཀར་མོ་དྲུག་འགྱུར་ལ་དྲངས་ནས་འདི་འདྲ་བཞེངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་རེད། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །
སེམས་རྩ་བ་བྱང་ཆུབ་སྡོང་བོ་འདི། །
ཆོས་སྐའི་སྐྱེ་མེད་འགྲུབ་པར་ཤོག །
ལོངས་སྐུའི་ལོ་འདབ་རྒྱས་པར་ཤོག །
སྤྲུལ་སྐུའི་འགྲོ་དོན་བྱེད་པར་ཤོག །
ས་འདིའི་ས་ངོ་མ་ཤེས་ན། །
རྨ་དེའུ་ཡག་སྟག་ཐང་ཁྲ་མོ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ས་ཕུ་གསུམ་ཁ་བ་གངས་ཀྱི་རི། །
གངས་ལ་སེང་ཆེན་འགྱིང་བའི་རི། །
སེང་ལ་གཡུ་རལ་རྒྱས་པའི་རི། །
སྐེད་གསུམ་ཙན་དན་ནགས་ཀྱི་རི། །
ནགས་ལ་རྒྱ་སྟག་འཕྱོ་བའི་རི། །
སྟག་ལ་འཛུམ་དྲུག་རྒྱས་པའི་རི། །
མདའ་གསུམ་གཙང་རྒྱས་ཆབ་ཀྱི་རི། །
ཆུ་ལ་ཉ་སྲམ་འཁོར་བའི་རི། །
ཉ་ལ་གསེར་མིག་རྒྱས་པའི་རི། །
ཤོས་གསུམ་ཆུ་མ་ཞིང་གི་རི། །
ཞིང་ལ་འབྲས་དྲུག་སྨིན་པའི་རི། །
འབྲས་ལ་མགོ་ནག་འཁོར་བའི་རི། །
རྨ་རི་མོ་བཞི་ཡི་འདུས་མདོ་ནས། །
མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ནས། །
དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ཡིན། །
རྒྱ་ཚ་ལྷ་འུ་འཇང་ཕྲུག་གསུམ། །
རྒྱ་མི་ཆེན་རྒྱལ་པོའི་ཚ་བོ་ཡིན། །
རྟ་རྒྱ་བྱ་རྨ་ཆུ་བྱ་གསུམ། །
རྒྱ་ནག་རྒྱལ་པོའི་རྟ་རིགས་ཡིན། །
གྲི་ཡ་ཟི་ཨ་ཟི་གུ་ཟི་གསུམ། །
རྒྱ་ནག་རྒྱལ་པོའི་གྲི་རིགས་ཡིན། །
རྒྱ་ནག་རྒྱལ་པོའི་ཚ་བོ་ལ། །
ཕོ་མི་རྒོད་པ་ནི་གཅིག་ཀྱང་མེད། །
མདའ་མི་སྐྱེན་ལས་ལ་གཉིས་ཀྱང་མེད། །
མཚོན་མི་རྣོ་ལས་ལ་གསུམ་ཡང་མེད། །
ཨ་ཁུ་སྤྱི་དཔོན་རྒྱལ་པོ་ལགས། །
གསོན་དང་ཞུ་རྒྱུ་འདི་འདྲ་གདའ། །
ཧོར་དཔོན་པོ་གུར་དཀར་རྒྱལ་པོ་ལགས། །
གླིང་ཚོ་ཆེན་ལྷ་སྡེ་དཀར་པོ་གཉིས། །
སྔ་འགྲས་ཕྱིས་འཁོན་མི་གདའ་བས། །
ཁོས་མི་སྲིད་སྲིད་པ་བྱེད་དོན་མེད། །
ཚོད་མེད་པའི་ལས་ལ་ངེས་པ་མེད། །
སོ་བ་ཉུལ་མ་དགོས་པས་ན། །
ང་རྒོད་པོ་རྒྱ་ཚ་འགྲོ་ངེས་ལགས། །
སྐྱེན་པོ་འདན་མ་ཨེ་འགྲོ་ལགས། །
མགྱོགས་པ་གདོང་བཙན་ཨེ་འགྲོ་ལགས། །
ཡིན་གཅིག་མིན་གཉིས་ཡིན་པས་ན། །
གླིང་ཆེ་རྒྱུད་ཚང་ནས་སྐྱ་མི་བདུན། །
འབྲིང་རྒྱུད་ཚང་ནས་སྐྱ་མི་བདུན། །
ཆུང་རྒྱུད་ཚང་ནས་སྐྱ་མི་བདུན། །
བདུན་གསུམ་ཉི་ཤུ་རྩ་གཅིག་པོས། །
ཧོར་སྡེ་བའི་དལ་བྲེལ་ཨེ་བལྟ་ལགས། །
ཤིང་སྡོང་པོ་གཞོན་དུས་བྲེགས་ན་དགའ། །
མེ་འབར་བ་ཆུང་དུས་བསད་ན་དགའ། །
སྟག་ལྤགས་མགོ་ནས་མཉེས་ན་ལེགས། །
སྡང་དགྲ་བོ་མགོ་ནས་བཅོམ་ན་དགའ། །
བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། །
བློ་རྩེ་ཉི་ཤུ་རྩ་ལྔ་ཁོད། །
གླིང་ཚོ་ཆེན་ཡིན་ལ་དེ་འདྲ་ཞོག །
ཅེས་གསུངས་སོ། །