༢༠༢༣ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་གི་རོགས་དངུལ་ལས་གཞི་སྟེ༼བོད་ཀྱི་པར་རྐོས་ལག་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་༽གི་གྲུབ་འབྲས་འགྲེམ་སྟོན་སྤེལ་བ།

གསར་འགོད་པ། ཚུལ་ཁྲིམས་བཟང་པོ། དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-31


སྤྱི་ཟླ་༡༠པའི་ཚེས་༣༠ཉིན། ༢༠༢༣ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་གི་རོགས་དངུལ་ལས་གཞི་སྟེ༼བོད་ཀྱི་པར་རྐོས་ལག་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་༽གི་གྲུབ་འབྲས་འགྲེམ་སྟོན་དེ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འགོ་ཚུགས།

འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་འབྲེལ་ཡོད་ཆེད་མཁས་པ་དང་གསོ་སྦྱོང་ལ་ཞུགས་པའི་སློབ་མ། དེ་མིན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་དགེ་རྒན་དང་། འབུམ་རམས་པ་དང་རབ་འབྱམས་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ་སོགས་ཞུགས་ཡོད་ལ། མི་རིགས་སོ་སོའི་དགེ་སློབ་ཚོས་འགྲེམ་སྟོན་བྱས་པའི་པར་ཤིང་དང་པར་མ་ལ་ལྟད་མོ་བལྟས་ནས་སློབ་སྦྱོང་དང་རྒྱུས་ལོན་བྱས། དེ་ཡང་འགྲེམ་སྟོན་འདི་ནི་སྤྱི་ཟླ་༡༠པའི་ཚེས་༣༠ནས་སྤྱི་ཟླ་༡༡པའི་ཚེས་༨བར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པའི་དཔེ་མཛོད་ཁང་དུ་སྤེལ་བཞིན་འདུག །

ཐེངས་འདིར་སློབ་མ་ཚོས་པར་ཤིང་བརྐོས་ནས་པར་འདེབས་བྱས་པའི་བརྩམས་ཆོས་བསྡོམས་པས་༡༠༠ལ་ཉེ་བར་འགྲེམ་སྟོན་བྱས་འདུག་ལ། སློབ་མ་ཁག་ཅིག་གིས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག །ད་དུང་རྒྱའི་སྲོལ་རྒྱུན་རི་མོ་དང་བརྐོས་རིས། སྣུམ་ཚོན་རི་མོ། འཇིམ་རྐོས། སྒྱུ་རྩལ་ཇུས་འགོད་སོགས་ཀྱི་རྣམ་པ་དང་ཟུང་འབྲེལ་བྱས་ཡོད། བརྩམས་ཆོས་འགའ་རུ་རྒྱ་བོད་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟུང་འབྲེལ་བྱས་ཡོད་དེ། དཔེར་ན། 《ཉ་ཆེན་བཀྲ་ཤིས་རྟགས་བརྒྱད》དང་《བྱ་འབྲུག་ཁ་སྤྲོད》《ཐང་རྒྱལ་རབས་རྡོ་བརྐོས་ཧུའུ་ཞོན་ཞབས་བྲོ་དུར་སྒོ་པར་ཤིང་བསྐྱར་བརྐོས》སོགས་འདུས་ལ། དེ་དག་གིས་བོད་རྒྱ་རིག་གནས་ཁྲོད་ཀྱི་བཀྲ་ཤིས་པའི་འདྲ་རིས་ཟུང་འབྲེལ་བྱས་ཡོད་པ་དང་། མི་རིགས་རིག་གནས་མཐུན་སྦྱོར་མཉམ་འདྲེས་དང་། བཀྲ་ཤིས་བདེ་ལེགས་མཚོན་པར་བྱས་ཡོད། བརྩམས་ཆོས་འགའ་རེ་ལག་ཆ་གསར་པ་སོགས་ལ་བརྟེན་ནས་རྒྱུ་ཆའི་ཐོག་ནས་གསར་གཏོད་བྱས་འདུག །

རྒྱུས་ལོན་བྱུང་བར་ལྟར་ན། ལས་གཞི་འདིས་གཙོ་བོ་པར་རྐོས་ལག་རྩལ་གྱི་ཤེས་ལྡན་མི་སྣ་དཀོན་པའི་གནས་ཚུལ་ལ་དམིགས་ནས་དུས་ལྟར་ལག་རྩལ་པ་གསོ་སྐྱོང་བྱེད་པ་དང་། མི་རིགས་ཀྱི་སྒྱུ་རྩལ་དང་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བར་བརྒྱུད། ཀྲུང་ཧྭ་རིག་གནས་ཀྱི་ཐུན་མོང་ཚོགས་པའི་དོན་སྙིང་ཕུན་སུམ་ཇེ་ཚོགས་དང་། མིག་སྔར་དང་ཡུན་རིང་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་བྱས་ཡོད།

ལས་གཞི་འདིའི་དགེ་རྒན་རུ་ཁག་ནི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་མཚན་སྙན་ལྡན་པའི་རིག་གནས་ལས་རིགས་ཀྱི་ཆེད་མཁས་པའི་རུ་ཁག་དང་། རྒྱལ་ཁབ་རིམ་པ་དང་ཁུལ་རིམ་པའི་རྒྱུན་འཛིན་པའི་མཚན་སྙན་ལྡན་པའི་ལག་རྩལ་ལས་རིགས་ཀྱི་ཆེད་མཁས་པའི་རུ་ཁག་བཅས་བསྡོམས་པས་མཛུབ་སྟོན་དགེ་རྒན་༡༧ཡོད། རྒྱལ་ཡོངས་ས་གནས་སོ་སོ་ནས་སློབ་མ་༢༥བདམས་ཡོད་དེ། དེ་དག་ནི་པེ་ཅིན་དང་ཧྲང་ཧའེ། མཚོ་སྔོན། ཧོ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར་༡༥ནས་བྱུང་བ་དང་། འབུམ་རམས་པ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ཡོད་མཁན་སློབ་མ་༢༠༼སློབ་གྲྭར་འགྲིམ་བཞིན་པ་འདུས༽ཡོད་ཅིང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། སི་ཁྲོན་མཛེས་རྩལ་སློབ་ཆེན། སི་ཁྲོན་དགེ་འོས་སློབ་ཆེན་སོགས་ཀྱི་སློབ་མ་འདུས་པས། སྤུས་ཀ་དང་ཆུ་ཚད་མཐོ་བའི་ན་གཞོན་སྒྱུ་རྩལ་ཤེས་ལྡན་མི་སྣའི་རུ་ཁག་ཅིག་གྲུབ་ཡོད།

སྤྱི་ཟླ་༧པའི་ཚེས་༡ནས་བཟུང་། གཞུང་ལུགས་ཞིབ་འཇུག་དང་ཡུལ་དངོས་རྟོག་ཞིབ། ལག་རྩལ་གསར་གཏོད་ལག་ལེན་སོགས་ཕྱོགས་གསུམ་གྱི་ངོས་ནས་སློབ་ཁྲིད་བྱས་པ་དང་། གཞུང་ལུགས་ཞིབ་འཇུག་ཐད། ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཉིན་༡༠རིང་གཞུང་ལུགས་ལ་སློབ་སྦྱོང་བྱས་པས། སློབ་མ་ཚོས་བོད་ཀྱི་པར་རྐོས་ལག་རྩལ་གྱི་ལོ་རྒྱུས་དང་རིག་གནས། དུས་རབས་ཀྱི་དོན་སྙིང་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱས། ཡུལ་དངོས་རྟོག་ཞིབ་ཐད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཉིན་༡༠རིང་ཡུལ་དངོས་རྟོག་ཞིབ་ཕྱིན་པ་དང་པར་ཤིང་དང་པར་མ་གཅེས་ཉར་བྱ་ཡུལ། དངོས་མང་བཤམས་སྟོན་ཁང་། ལག་རྩལ་རྒྱུན་འཛིན་ལྟེ་གནས་སོགས་ལ་ཡུལ་དངོས་ནས་རྟོག་ཞིབ་གཏིང་ཟབ་བྱས་པས། སློབ་མ་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་བོད་ཀྱི་པར་རྐོས་ལག་རྩལ་གྱི་མཛེས་དཔྱོད་ལྟ་ཚུལ་སོགས་ལ་རྒྱུས་ལོན་བྱས་ནས། སློབ་མའི་གསར་གཏོད་ལ་བློ་བསྐྱེད་མི་དམན་པ་ཐེབས་ཡོད། ལག་རྩལ་གསར་གཏོད་ལག་ལེན་ཐད། སློབ་མ་རྣམས་མདོ་ཁམས་སྡེ་དགེ་རུ་ཕྱིན་ནས་ཉིན་༢༠རིང་པར་རྐོས་ལག་རྩལ་ལ་སློབ་སྦྱོང་བྱས་པ་དང་། ཕུན་ཚོགས་ཚེ་རིང་དང་འཇམ་དབྱངས་གྲགས་པ། ཚངས་དཔལ་སོགས་རྒྱལ་ཁབ་རིམ་པ་དང་ཁུལ་རིམ་པའི་རྒྱུན་འཛིན་པས། སློབ་མ་རྣམས་ལ་དེང་དུས་ཀྱང་རྒྱུན་འཛིན་བྱེད་བཞིན་པའི་གནའ་བོའི་བོད་ཀྱི་པར་རྐོས་དང་བོད་ཤོག་བཟོ་སྐྲུན་གྱི་གོ་རིམ་ཆ་ཚང་དང་ལག་རྩལ་སློབ་ཁྲིད་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1