པོད་༢༠༦ཅན་གྱི《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ།》གནས་མཆོག་ལྷ་ས་ནས་འགྲེམས་སྤེལ་བྱས།

ངེད་གསར་འགོད་པ། དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-16


སྤྱི་ཟླ་༡༡པའི་ཚེས་༡༦ཉིན།《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ།》དངོས་སུ་འགྲེམ་སྤེལ་དང་གཟིགས་འབུལ་གྱི་མཛད་སྒོ་དེ་གནས་མཆོག་ལྷ་ས་རུ་སྤེལ།

《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོའི》དཔེ་ཚོགས་འདིར་བསྡོམས་པས་བསྟན་བཅོས་༣༠༢༢དང་། ཡིག་གྲངས་དུང་ཕྱུར་༡.༢ཙམ་དང་། པོད་༢༠༦ཡོད་ཅིང་། མིག་སྔར་བོད་ཀྱི་གསོ་བ་རིག་པའི་པར་སྐྲུན་ལས་གཞི་ཆེས་ཆེ་ཤོས་ཤིག་ཡིན་པ་རེད། དཔེ་ཚོགས་འདི་ནི་ཧི་མ་ལའི་རིག་མཛོད་ཁང་གི་རྩོམ་སྒྲིག་ཚོགས་པས་བསྡུ་སྒྲིག་བྱས་ཤིང་། ཚེ་རིང་རྡོ་རྗེས་གཙོ་སྒྲིག་པའི་འགན་བཞེས་པ་དང་། པཱ་ཧྲུའུ་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་དུ་པར་སྐྲུན་བྱས་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་དཔེ་ཚོགས་ཀྱི་ཁ་བྱང་ཕྱག་བྲིས་གནང་།

ཐེངས་འདིའི་མཛད་སྒོ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། ཞིན་ཧྭ་ཝུན་ཞོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་གཉེར་བྱས་ཤིང་། པཱ་ཧྲུའུ་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཧི་མ་ལའི་རིག་མཛོད་ཁང་གིས་འགན་སྒྲུབ་བྱས།

ཐེངས་འདིའི་མཛད་སྒོའི་ཐོག་ཏུ་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོ་རུའེ་དང་། སི་ཁྲོན་ཞིང་ཆེན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་སྡེ་ཚོགས་ཀྱི་སྔོན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ལས་འཛིན་པ་ཟུར་པ་བློ་བཟང་རྡོ་རྗེ། རྒྱལ་སྨན་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་སྒྲོལ་དཀར་སྐྱབས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཚེ་རིང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་སྔོན་གྱི་དབུ་འཛིན་གཞོན་པ། སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཚེ་རིང་མགོན་པོ། དཀར་མཛེས་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཉའ་རྒྱལ་མཚན། ཞིན་ཧྭ་ཝུན་ཞོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ལག་བསྟར་ལས་འཛིན་པ། སྤྱི་གཉེར་པ་ལི་ཆང་། པཱ་ཧྲུའུ་དཔེ་སྐྲུན་ཁང་གི་དབུ་འཛིན་ཝང་ཀྲུའུ་ཡིང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་གཞོན་པ་འོད་ཟེར་སོགས་ཀྱིས་གསུང་བཤད་གནང་། དཔེ་ཚོགས་འདིའི་གཙོ་སྒྲིག་པ་ཚེ་རིང་རྡོ་རྗེས་ཧི་མ་ལའི་རིག་མཛོད་ཁང་གི་ཚབ་བྱས་ནས་བསྡུ་སྒྲིག་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ། སློབ་དཔོན་ཆེན་མོ་མིག་དམར་གྱིས་མཛད་སྒོར་གཙོ་སྐྱོང་གནང་ཞིང་ཤིས་ཚིག་ཕུལ།

《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ།》དཔེ་ཚོགས་འདི་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གཙོ་གནད་པར་སྐྲུན་ལས་གཞི་དང་མི་རིགས་ཡིག་རིགས་པར་སྐྲུན་ཆེད་ཚན་མ་དངུལ་རོགས་སྐྱོར་ལས་གཞི། སི་ཁྲོན་གྱི་༢༠༢༡–༢༠༢༣ལོའི་གཙོ་གནད་པར་སྐྲུན་འཆར་འགོད་བཅས་ཀྱི་ལས་གཞི་ཆེན་མོ་ཞིག་ཡིན། དཔེ་ཚོགས་འདིའི་ནང་གསོ་རིག་ལོ་རྒྱུས་དང་གསོ་སྤྱད་གཞུང་རྙིང་། གསོ་རིག་རྒྱུད་བཞི། རྒྱུད་འགྲེལ་ཆ་ལག །སྨན་ཐང་བྲིས་ཆ། ནད་ཐོག་ཉམས་ཡིག །སྦྱོར་བ་སྨན། སྒྲུབ་ཐབས་ལས་ཚོགས། ཉེར་མཁོ་སྣ་ཚོགས་བཅས་དང་། ད་དུང་རྒྱལ་སྨན་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་ཀྱི་གསུང་བཏུས་བཅས་སྡེ་ཚན་ཆེ་བ་བཅུ་དང་། དཀར་ཆག་པོད་གསུམ་བཅས་ཁྱོན་བསྡོམས་སྡེ་ཚན་བཅུ་གཅིག་ཏུ་ཕྱེས་ནས་བསྒྲིགས་ཡོད།

ཐེངས་འདིར་པེ་ཅིང་དང་མདོ་དབུས་ཁམས་གསུམ་ནས་བོད་ཀྱི་གསོ་རིག་ཆེད་མཁས་པ་ལྔ་བཅུ་ལྷག་ཆེད་དུ་མཛད་སྒོའི་ཐོག་ཕེབས་པར་མ་ཟད། བོད་ཀྱི་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཐད་བགྲོ་གླེང་གནང་ཡོད། མཇུག་ཏུ་ཡུལ་དངོས་སུ་དཔེ་འབུལ་གྱི་མཛད་སྒོ་སྤེལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1