༄༅།།ནེའུ་ཆུང་གིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 11-20


ནེའུ་ཆུང་མ་ན་རེ། ཡ། གླུ་དེ་ཚོ་ཨ་ཁུའི་བདེན་གཏམ་རེད། །གླིང་ལྷ་སྡེའི་དོན་ལ་ཕན་ཟེར་ན། །ང་བུ་མོ་དམྱལ་བར་མངགས་ཀྱང་འགྲོ། །ལས་དེ་སྟེ་བྱ་ལན་ཐོན་ལན་འདིས། །ངས་འགྲོ་གོ་ཆོད་བསམ་ཡིད་ལ་མེད། །ཟེར་ནས་གླུ་འདི་ལྟར་བླངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   མ་རིགས་བཞིའི་མཁའ་འགྲོ་སྙིང་ཐག་ཉེ། །

   རིགས་ལྔ་དཔའ་བོ་སྒྲུབ་ཐུག་ཉེ། །

   བདེ་ཆེན་ཡུལ་ནས་བྱིན་གྱིས་རློབས། །

   ཟག་མེད་བདུད་རྩིའི་དངོས་གྲུབ་སྩོལ། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཤར་རྫོང་ཇ་མཁར་རིང་མོ་རེད། །

   སེར་མོ་ང་ངོ་མ་ཤེས་ན། །

   སྔོ་ལོ་སྟོན་པའི་ནེའུ་ཆུང་ཡིན། །

   ཡང་ཆུང་ལུ་གུའི་ཚར་ཡག་མ། །

   ཞེ་ཆུང་མེ་ཏོག་འཁྲུངས་ཡག་མ། །

   སྒྲོལ་མ་ལྗང་གུའི་སྐྱེ་བ་ཡིན། །

   ཟག་བཅས་མངོན་ཤེས་ཡོད་མི་ཡིན། །

   རང་བསྟོད་མིན་ཏེ་ཡིན་ལུགས་གཏམ། །

   ལྡོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ལགས། །

   གསོན་དང་ཞུ་རྒྱུ་འདི་འདྲ་ཡོད། །

   ཞིང་གྲུ་བཞི་ལྗང་ལ་ཕན་སྲིད་ན། །

   ནམ་མཁའི་སྤྲིན་པས་ཁེབས་ཀྱང་བཟོད། །

   ལས་དེ་སྟེ་རླུང་དམར་སྐོར་ཚུབ་འདིས། །

   ཆར་འབེབས་གོ་ཆོད་བསམ་ཡིད་ལ་མེད། །

   ཇུས་ཁྲ་མོའི་དོན་ལ་ཕན་སྲིད་ན། །

   མི་ཕོ་དམའ་འབེབས་སོང་ཡང་བཟོད། །

   ལས་དེ་སྟེ་ཧོར་སེར་དཔུང་པ་འདིས། །

   ལས་བྱས་གོ་ཆོད་བས་མ་ཡིད་ལ་མེད།།

   གླིང་ལྷ་སྡེའི་དོན་ལ་ཕན་སྲིད་ན། །

   ང་བུ་མོ་དམྱལ་ཟངས་འགྲིམས་ཀྱང་བཟོད། །

   ལས་དེ་སྟེ་ཕྱི་ལག་ནང་རུལ་འདིས། །

   འགྲོ་གོ་ཆོད་བསམ་པ་ཡིད་ལ་མེད། །

   མེད་དོན་རྩ་བ་བཤད་པ་ན། །

   མ་མདང་གསུམ་མར་གཉིས་དུས་ཚོད་ལ། །

   སྔ་ཐུན་ཚོགས་དྲུག་སེམས་མ་བདེ། །

   ཕྱི་ཐུན་རྒྱུ་དྲུག་གཉིད་མ་ཁུག །

   ཐོ་རངས་སྡུར་བའི་འགྲིམས་ལམ་ལ། །

   ལྷ་ཆབ་དཀར་པོའི་གཡས་གཡོན་ན། །

   མེ་ཏོག་འདབ་དྲུག་དཀར་སྔོན་གཉིས། །

   དོག་མོ་ས་ལ་འཁྲུངས་ནས་གདའ། །

   སྔོན་མོ་ཧོར་ལ་ཕྱིན་པ་རྨིས། །

   མ་ཁྱེར་ཚུར་ལ་བཙུགས་པ་རྨིས། །

   དཀར་པོ་མ་ཕྱིན་འཕྲོག་པ་རྨིས། །

   ལྕང་དཀར་ཕྱུག་མོའི་རྩེ་མོ་ནས། །

   བྱ་ཁུ་བྱུག་གསུང་སྙན་གྲགས་པ་རྨིས། །

   ནེ་ཙོས་མི་སྐད་གླེང་བ་རྨིས། །

   ནེ་ཙོ་ཧོར་ལ་ཕྱིན་པ་རྨིས། །

   མ་དགོས་ལྕང་དཀར་ནང་ལ་བཏང་། །

   ཁུ་བྱུག་མ་ཕྱིན་འཕྲོག་པ་རྨིས། །

   དེ་བཟང་རྨིས་རེད་དམ་ངན་རྨིས་རེད། །

   མགོ་རིན་ཆེན་གཡུ་ཆུང་རྒྱན་ཆ་འདི། །

   བཏགས་པ་མི་འདྲ་ཤོར་བ་འདྲ། །

   ལུས་སྲབ་འཇམ་དམར་སྨུག་དར་གོས་འདི། །

   གྱོན་པ་མི་འདྲ་འཕྲོག་པ་འདྲ། །

   ཨ་འབྲུག་ལྷ་མོའི་ཚབ་འགྲོ་འདི། །

   ཁྲིད་པ་མི་འདྲ་ཕྱིར་མངགས་འདྲ། །

   ལ་ཆེན་ཡིན་ལུགས་བཤད་པ་ན། །

   གུར་དཀར་སྟག་ཞུ་རྒྱལ་པོ་འདིས། །

   གླིང་མཐོང་སྨོན་ཡེ་མེད་མ་ཐོན་བར། །

   ཅི་མ་ཡིན་ལ་སྡོད་ལེ་མེད། །

   དེ་བྱས་མ་རེད་དེ་བཀོད་གདའ། །

   ཉི་མ་དམར་ཐག་ཆོད་འགྲོས་ལ། །

   དཔུང་ཟིན་ཐུབ་པ་ལར་ནས་མེད། །

   སྐྱ་རེངས་ནམ་མཁའི་སྒོ་འབྱེད་ལ། །

   སྤར་མོས་ཁེབས་པ་ལར་ནས་མེད། །

   ཚེ་སྔོན་ཐོད་པའི་རི་མོ་ལ། །

   ཅི་ཡོད་བསུབ་རྒྱུ་ལར་ནས་མེད། །

   གུར་དཀར་ཅི་བསམ་མ་གྲུབ་ན། །

   གླིང་རུའི་བྱེད་རྒྱུ་ལར་ནས་མེད། །

   འདྲ་ཨེ་བསམ་ཨ་ཁུ་སྤྱིན་དཔོན་ལགས། །

   རེད་ཨེ་དགོངས་ཨ་ལྕེ་འབྲུག་མོ་ལགས། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   འདིར་བཞུགས་ཐུགས་ལ་དེ་ལྟར་ཞོག །

   ཅེས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1