ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་ཚེས་17ཉིན་གྱི་དགོང་མོ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་དུས་མཚུངས་ལས་12.1%འཕར་ཞིང་། དེའི་ནང་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་87.4%འཕར་ཡོད་པ་རེད།
ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་འཛམ་གླིང་ཐོན་ཚད་ཀྱི་98%ཟིན་པ་དང་། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཡིས་ཀྲུང་གོའི་60%ཡན་གྱི་ཐོན་ཚད་བཟུང་ཡོད་ལ། དེ་ནི་འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་ཞིང་འབྲོག་པའི་འབབ་འཕར་ཡོང་ཁུངས་གལ་ཆེན་ཞིག་ཀྱང་རེད།
ཟི་ལིང་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དང་པོ་ནས་ཟླ་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་3.1ཟིན་པ་དང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་1.5ཟིན་ལ་དེ་དུས་མཚུངས་ལས་21.5%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་1.6ཟིན་པ་དང་དེ་དུས་མཚུངས་ལས་11.8%འཕར་ཡོད། ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོད་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་8398.8ཟིན་པ་དང་དེ་དུས་མཚུངས་ལས་87.4%འཕར་ཡོད་པ་རེད།
དྲ་ཐོག་ཏུ་ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུ་འཚོང་མཁན་ཝུའུ་སུའུ་ཧྭ་ཡིས་ཚེས་18ཉིན་། ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་ན་ནིང་ལས་ཆེས་ཆེར་འཕར་ཡོད། དཔེར་ན་ང་ཚོས་འཚོང་བཞིན་པའི་དབྱར་རྩྭ་དགུན་འབུ་རྐང་5ཁེ་1གི་རིན་གོང་སྒོར་760ཡིན་པ་དེ་ན་ནིང་ལས་སྒོར་40འཕར་ཡོད་ཅེས་བཤད། །