འདི་ནི་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་གྲོང་མི་པ་སངས་མཚམས་གཅོད(གཡས)དང་གཅེན་མོ་པ་སངས་བུ་ཁྲིད་ཀྱིས་ཡུལ་སྐོར་བར“སྤུ་ཧྲེང་གི་རྒྱན་གོས”འགྲེམས་སྟོན་བྱེད་བཞིན་པ།
སྐྱེ་སྟོབས་རབ་ཏུ་འཕེལ་ལ་གདེང་ཚོད་དང་སྤོབས་པས་ཁེངས་པའི་ལོ་རབས་དགུ་བཅུ་དང་ཉིས་སྟོང་ནང་སྐྱེས་ཀྱི་གཞོན་ནུ་མང་པོ་ཞིག་འཕྲད་བྱུང་། ཁོང་ཚོས་བཤམས་སྟོན་ཁང་ངམ་ཡང་ན་ཤང་གྲོང་གི་ཉེ་འདབས་སུ་ལས་ཀའི་དགོས་མཁོ་དང་རང་ཉིད་ཀྱི་དད་ཞེན་དབང་གིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ལང་ཚོའི་ཉམས་བཟང་ལ་བརྟེན་ནས། གནའ་བོའི་ཉམས་འགྱུར་དང་གཞོན་ནུའི་ལང་ཚོ་གཅིག་ལ་གཅིག་རྟེན་དང་། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་ལྡན་པའི་སྒོ་ནས་གཞན་འགྱུར་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། གངས་ལྗོངས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མི་དེ་བས་མང་བས་ཚོར་བར་བྱས་ནས་བོད་ལྗོངས་ལ་དེ་བས་ཤེས་རྟོགས་དང་། ཡུལ་སྐོར། འོས་སྦྱོར་བཅས་ཡོང་ཐབས་བྱེད་བཞིན་ཡོད།ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བའི་ལང་ཚོའི་གཟུགས་བརྙན་དག་ལས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་མངོན་བཞིན་ཡོད། རང་ཉིད་ཀྱི་དགའ་ཞེན་ལྟར་རིག་དངོས་སྲུང་སྐྱོབ་ལས་ལ་གཞོལ་བཞིན་ཡོད།འདི་གར་ལས་དོན་མི་སྣ་ཚང་མ་ལས་བྲེལ་ཆེན་པོ་ཡོད། འདི་ལོའི་ཟླ་8ཚེས་23ཉིན་རྟེན་མཛོད་ཁང་དངོས་སུ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་ལས་དོན་ཚང་མ་རིམ་པས་སྒྲུབ་བཞིན་ཡོད། ཚོགས་པ་འདིར་སྐྱེ་སྟོབས་ཀྱིས་རབ་ཏུ་ཕྱུག་ཅིང་། ལས་མི་11ཡོད་པའི་ཁྲོད་ནས་ཀོན་ཀྲང་དང་ཀོན་ཀྲང་གཞོན་པ་ཕུད། དེ་བྱིངས་ཚང་མ་ལོ་རབས་དགུ་བཅུའི་ནང་སྐྱེས་ཀྱི་གཞོན་ནུ་ཤ་སྟག་ཡིན་པ་རེད། རྟེན་མཛོད་ཁང་དུ་གད་ཕྱིས་རྒྱག་པ་དང་། རྟེན་རྫས་བཤམས་སྟོན། རིག་དངོས་འགྲེལ་བཤད་བཅས་ཀྱི་ལས་དོན་ཆེ་ཆུང་ཚང་མར་ང་ཚོ་ཞུགས་དགོས”1996ལོར་སྐྱེས་པའི་ཚེ་རིང་དབྱངས་ཅན་ནི་ཕ་ཡུལ་ལྷོ་ཁ་ནས་ཡིན་པ་དང་། ཧྲང་ཧའེ་སློབ་ཆེན་ལོ་རྒྱུས་ཆེད་ལས་ནས་སློབ་མཐར་ཕྱིན། མངའ་རིས་རྟེན་མཛོད་ཁང་དུ་མ་བསྐྱོད་གོང་ཁོ་མོས་ལྷ་སའི་གཞུང་ཁོངས་ཁེ་ལས་ཤིག་ཏུ་ལས་ཀ་བྱས་པ་དང་། དེ་གར་གླ་ཆ་མཐོ་བ་མ་ཟད། ལས་ཀ་ཡང་བརྟན་པོ་ཡོད། རིག་དངོས་སྲུང་སྐྱོབ་བྱ་གཞག་འདེམས་དོན་ནི་དགའ་ཞེན་རང་ཡིན་ཞེས་ཚེ་རིང་དབྱངས་ཅན་གྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད་བྱུང་། འདི་ནི་རུ་ཐོག་བྲག་བརྐོས་རི་མོའི་འདྲ་བཟོས་རེད། འདིར་ནོར་ལུག་དང་། ཕྱུགས་འཚོ་བ། རྔོན་རྒྱག་པ་སོགས་ཀྱི་རྣམ་པ་བརྐོས་ཡོད། སྟབས་བདེ་ལ་བབ་ཆགས་པའི་གནའ་རྫས་འདི་དག་ལ་ཞང་ཞུང་གི་སྔོན་བྱོན་པའི་ཐོན་སྐྱེད་དང་འཚོ་བ་སོགས་བཀོད་ཡོད། གནའ་བོའི་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། དམངས་སྲོལ། སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་ཡིག་ཆ་སྣ་ཚོགས་མཁོ་འདོན་བྱས་ཡོད”ཅེས་ཚེ་རིང་དབྱངས་ཅན་གྱིས་ང་ཚོ་ལྟ་སྐོར་ལ་འཁྲིད་སྐབས་འགྲེལ་བཤད་དེ་ལྟར་བརྒྱབ་བྱུང་། མིག་སྔར་མངའ་རིས་རྟེན་མཛོད་ཁང་དུ་རྟེན་རྫས་2100ལྷག་ཙམ་ཉར་ཚགས་བྱས་ཡོད་ཅིང་། དེར་མངའ་རིས་ཀྱི་རང་བྱུང་ས་ཁམས་དང་། གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་དང་རིག་གནས། དམངས་སྲོལ་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་། ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་སོགས་བརྗོད་དོན་གཙོ་བོའི་འགྲེམས་ཁང་བདུན་བསྐྲུན་ཡོད། ང་ཚོའི་ལས་ཀ་འགོ་བཙུགས་མ་ཐག་ཡིན་པས་ལས་རོགས་ཚོར་དྲན་འཆར་མང་པོ་ཡོད། རིག་དངོས་ཀྱི་རིན་ཐང་མངོན་ཆེད་ཚང་མས་ཐབས་དང་ཇུས་འདོན་བཞིན་ཡོད”ཅེས་ཚེ་རིང་དབྱངས་ཅན་གྱིས་བརྗོད་པ་དང་། ཁོང་གིས“རིག་དངོས་ཀྱི་སློབ་ཚན་ཆུང་ངུ་འཚོག་སྐབས་དྲ་ཐོག་ནས་འགྲེམས་སྟོན་བྱས་ཏེ། མི་དེ་བས་མང་བས་རིག་གནས་ཤེས་རྟོགས་དང་རྟེན་མཛོད་ཁང་ལ་དགའ་ཞེན་ཡོང་ཐབས་བྱེད་ཀྱི་ཡོད། གཟའ་མཇུག་ཏུ་འཆད་ཁྲིད་དང་མཉམ་སྤྱོད་འདུ་ཚོགས་སྣ་ཚོགས་གཉེར་བ་དང་། ལག་ཤེས་སྒྱུ་རྩལ་བ་དང་མཉམ་ལས་བྱས་ནས་རིག་གནས་བསམ་བཀོད་ཀྱི་ལག་ཤེས་ཐོན་རྫས་བཟོ་བ་ལ་སོགས་བྱེད་ཀྱི་ཡོད”ཅེས་བཤད། འབྱུང་འགྱུར་སྐོར་གླེང་སྐབས། སྣང་བ་སྐྱིད་པའི་ཚེ་རིང་དབྱངས་ཅན་གྱི་སྐད་ཆ་དང་བསམ་ཚུལ་དག་ལས་གདེང་སྤོབས་དང་ཡིད་ཆེས་ཀྱིས་ཁེངས་པའི་སྣང་བ་ཞིག་ངང་གིས་སྟེར་གྱི་འདུག ཁོང་གིས“རྟེན་མཛོད་ཁང་གི་ལས་མི་དང་པོའི་ངོས་ནས། ངར་སྤོབས་སེམས་ཧ་ཅང་ཆེན་པོ་སྐྱེ་གི་འདུག ཁྱབ་ཁོངས་མང་པོར་ང་ཚོས་གསར་འབྱེད་བྱེད་པ་དང་དོགས་གནད་མང་པོ་ཞིག་ལ་འགྲེལ་བཤད་རྒྱག་དགོས་ཀྱི་ཡོད། རིག་དངོས་སྲུང་སྐྱོང་དང་རིག་གནས་ཁྱབ་གདལ་གཏོང་བ་ནི་ངང་རྒྱུད་རིང་པོ་དགོས་པའི་བྱ་གཞག་ཅིག་ཡིན་པས་ང་ཚོས་དགའ་ཞེན་གྱི་བསམ་པ་བཅངས་ནས་འབད་བརྩོན་བྱས་ཚེ་གྲུབ་འབྲས་ཐོབ་ངེས་རེད”ཅེས་གསར་འགོད་པར་བཤད། ཀུན་མཆོག་ནོར་བུ། འགྲེལ་བཤད་རྒྱག་པ་ནི་ལོ་རྒྱུས་ལ་རྒྱུས་མངའ་ལོན་པ་ཞིག་རེད།ད་ལྟ་ཉར་ཚགས་ཐུབ་པའི་གནའ་བོའི་མཁར་རྫོང་ནི་དུས་རབས་བཅུ་པ་ནས་དུས་རབས་བཅུ་དྲུག་པའི་བར་ལོ་ངོ་700ལྷག་ཙམ་རིང་རྒྱུན་ཆད་མེད་པར་རྒྱས་སྐྲུན་བྱས་པ་ལས་བྱུང་བ་ཞིག་རེད། སྐྲུན་དངོས་མང་པོར་ཉམས་ཆག་བྱུང་རུང་། རྔམ་བརྗིད་ལྡན་པའི་ཟིལ་རླབས་ཀྱི་ཁྲོད་ནས་ཚང་མས་སྐབས་དེ་དུས་ཀྱི་བརྗིད་ཉམས་ཚོར་ཐུབ”རྩྭ་མདའ་རྫོང་གི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་ཡུལ་སྐོར་སྣེ་ཤན་པ་ཀུན་མཆོག་ནོར་བུས་ཡུལ་སྐོར་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་ལམ་བར་གྱི་དཀའ་སྡུག་ལ་མ་འཛེམས་པར་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་བཞིན་འདུག འདི་ལོ་ལོ་20ལ་སླེབས་པའི་ཀུན་མཆོག་ནོར་བུ་ནི་སྒེར་རྩེ་རྫོང་ནས་ཡིན་པ་དང་ས་སྐྱེས་རྡོ་སྐྱེས་ཀྱི་མངའ་རིས་པ་ཞིག་རེད། ཆུང་དུས་ནས་རྒན་རྒོན་ཚོས་ཁོང་ལ་བོད་ཀྱི་སྔོན་བྱུང་གཏམ་རྒྱུད་དང་དཔའ་བོའི་མི་སྣ་བརྗོད་ཀྱི་ཡོད་པས་ཁོང་གིས་ལོ་རྒྱུས་དང་རིག་གནས་ལ་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་དེ་སྔོན་སློབ་གྲྭ་འགྲིམ་སྐབས་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་སྦྱངས་པ་ཡིན། ནང་མིས་ང་ལ་དེ་དང་འབྲེལ་ཡོད་ཀྱི་ལས་ཀ་བྱེད་དུ་འཇུག་འདོད་གནང་གི་འདུག འོན་ཀྱང་རྩྭ་མདའ་རྫོང་གིས་ཡུལ་སྐོར་སྣེ་ཤན་པ་གདན་ཞུའི་ཆ་འཕྲིན་མཐོང་རྗེས། ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་པ་ཡིན་ཞེས་ཀུན་མཆོག་ནོར་བུས་བཤད། འདི་ལོའི་ལོ་སྟོད་དུ་ཁོང་ཡིག་རྒྱུགས་འཕྲོད་ནས་ལས་གནས་གོང་གི་གསོ་སྦྱོང་བྱེད་འགོ་ཚུགས་ཡོད། དང་ཐོག་ངའི་བསམ་པར་འགྲེལ་བཤད་ཀྱི་ཚིག་ངག་སྐྱོར་བཏང་ན་འགྲིག་གི་རེད་སྙམ་བྱུང་། དོན་དམ་དུ་དེ་འདྲ་གཏན་ནས་རེད་མི་འདུག་ཅེས་ཀུན་མཆོག་ནོར་བུས་བཤད་པ་དང་། ཁོང་གིས་རྒན་ལགས་ཀྱིས་ང་ཚོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོའི་འགྲེལ་བཤད་པ་ཞིག་གི་ངོས་ནས། ང་ཚོའི་འགྲེལ་བཤད་ཀྱི་ཆུ་ཚད་ལས་མི་རྣམས་ཀྱིས་རིག་གནས་ཤུལ་བཞག་ལ་འཛིན་པའི་ངོས་འཛིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་གསུངས་བྱུང་། གསོ་སྦྱོང་བྱེད་རིང་རྒན་ལགས་ཀྱིས་ཉིན་ལྟར་ཚང་མ་ལྷ་ཁང་དང་། བྲག་ཕུག་མི་འདྲ་བ། གནའ་ཤུལ་གྱི་ལོ་རྒྱུས་འགྲེལ་བཤད། དེ་བཞིན་ལྡེབས་རིས་དང་སྐུ་བརྙན་སོགས་ཀྱི་གཞི་རྩའི་ནང་དོན་ཤེས་རྟོགས་བྱེད་པར་ཁྲིད་གནང་བྱུང་། འོན་ཀྱང་འགྲེལ་བཤད་ཞིབ་ཕྲ་རྒྱག་པར་ང་ཚོས་འཚོལ་ཐུབ་པའི་དཔྱད་ཡིག་དང་གོ་བ་ལེན་སྟངས་ཟུང་འབྲེལ་བྱས་ནས་འགྲེལ་བཤད་ཀྱི་ཚིག་ཕུན་སུམ་ཚོགས་སུ་གཏོང་དགོས་ཀྱི་ཡོད་ཅེས་བཤད། ལོ་ལྟར་གྱི་དབྱར་དུས་ནི་འགྲེལ་བཤད་པ་བྲེལ་འཚུབ་ཆེ་སྒང་རེད། འདི་ལོའི་ཡུལ་སྐོར་བ་མང་ཤོས་ཀྱི་ཉིན་དེར་ཁོང་གཅིག་པུས་ཡུལ་སྐོར་ཚོགས་པ་20ཙམ་ལ་འགྲེལ་བཤད་བརྒྱབ་ཡོད། དཀའ་ངལ་ཆེན་པོ་བྱུང་རུང་ཁོང་སྔར་བཞིན་ཧ་ཅང་དགའ་པོ་བྱུང་ཡོད། ཀུན་མཆོག་ནོར་བུས“ཡུལ་སྐོར་བ་ཚོ་ནི་མེས་རྒྱལ་གྱི་ས་ཕྱོགས་ཁག་ནས་སླེབས་པ་ཞིག་ཡིན་ཞིང་། ཕྱི་རྒྱལ་གྱི་གྲོགས་པོ་མི་ཉུང་བ་ཞིག་ཡོད། ཁོ་ཚོས་དགའ་ཞེན་དང་འདུན་པ་དྲག་པོ་འཆང་བཞིན་ལེ་དབར་ཁྲི་ཕྲག་གི་ལམ་བར་གྱི་ངལ་བར་མ་འཛེམས་པར་འདིར་ཡོང་བ་རེད། ངས་འགྲེལ་བཤད་རྒྱག་གིན་ཁོང་ཚོ་དང་མཉམ་དུ་ཡོང་སྐབས། ཁོ་ཚོས་བོད་ལ་ཤེས་རྟོགས་ཟབ་མོ་བྱུང་བ་དང་བོད་ལ་དགའ་པོ་ཡོད་པའི་མྱོང་ཚོར་ཟབ་མོ་ཐུབ་བྱུང་། གྲུབ་འབྲས་འདི་ནི་ངའི་ཐོག་མའི་བསམ་འདུན་དང་རྦད་དེ་མཐུན་སོང”ཞེས་བཤད། པ་སངས་མཚམས་གཅོད། ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་ཚེ་སྲོག་གི་དྲན་ཤེས་ཡག་པོ་སྲུང་གི་ཡིན། ཞོགས་སྔ་པོར་ལོ་19ལ་སླེབས་པའི་པ་སངས་མཚམས་གཅོད་དང་གཅེན་མོ་པ་སངས་བུ་ཁྲིད་ཀྱིས་སོ་སོས་རྒྱུན་འཛིན་བྱས་པའི“སྤུ་ཧྲེང་གི་རྒྱན་གོས”གྲ་སྒྲིག་བྱེད་འགོ་བརྩམས། ཁོང་གིས་སྒམ་ཁ་ཕྱེ་ནས་སྤུས་ལེགས་ཀྱི་ཕྱུ་པ་དང་། སྟོད་ལྷེ། རིན་ཆེན་ནོར་བུས་བརྒྱན་པའི་མགོ་རྒྱན། མགུལ་རྒྱན་བཅས་རིམ་པས་གྱོན་འགོ་ཚུགས། “སྤུ་ཧྲེང་གི་རྒྱན་གོས”ལེགས་པར་སྤྲས་པའི་མཛེས་མ་གཉིས་པོ་མི་རྣམས་ཀྱི་མིག་མདུན་དུ་མངོན་སྐབས་ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་གྲངས་མེད་གཏོར། པ་སངས་མཚམས་གཅོད་ཀྱིས་རྒྱན་གོས་འགྲེམས་སྟོན་བྱེད་ཞོར་དུ་ཕྱུ་པ་ནི་བལ་སྤུན་ལ་ཚོས་བརྒྱབ་ནས་བཏགས་པ་ཞིག་ཡིན་པ་དང་། སྟོད་ལྷེ་ནི་ཚ་རུར་གོས་ཆེན་གྱི་རྒྱབ་ཤ་བཏང་བ། ཟོམ་པའི་མཐིལ་ནི་གཡག་གི་ཀོ་བ་དང་རྩིད་པས་བཙེམས་པ། ཟོམ་པའི་ངོས་སུ་རི་མོ་མི་འདྲ་བའི་ཚེམ་འདྲུབ་བརྒྱབ་ཡོད་པས་གྱོན་ཆས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་15ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱེད་བཞིན་འདུག པ་སངས་མཚམས་གཅོད་ཀྱིས་གྱོན་ཆས་ཀྱི་བཟོ་ལྟ་ནི་རྨ་བྱ་སྒྲོ་གུར་ཕུབ་པ་དང་འདྲ་པོ་ཡོད། “སྤུ་ཧྲེང་གི་རྒྱན་གོས”ང་ཚོའི་གྲོང་ཚོར་ལོ་ངོ་སྟོང་ཕྲག་ཙམ་རྒྱུན་འཛིན་བྱས་པས་གྱོན་ཆས་ཚང་མ་རིན་ཐང་གཞལ་དུ་མེད། སྔོན་ཆད་དུས་ཆེན་དང་རྟེན་འབྲེལ་མཛད་སྒོ་ཆེ་གྲས་སྐབས་སུ་མ་གཏོགས་གྱོན་སྲོལ་མེད་ཅེས་བཤད། བོད་ཡོངས་ལ་ཉར་ཚགས་ཡག་པོ་ཐུབ་པའི“སྤུ་ཧྲེང་གི་རྒྱན་གོས”བརྒྱད་ལས་མེད། ཚང་མ་འཁོར་ཆགས་གྲོང་ཚོར་ཡོད། དེ་དག་ལས་གཅིག་ད་ལྟ་མངའ་རིས་རྟེན་མཛོད་ཁང་གིས་གཡར་ནས་འགྲེམས་སྟོན་བྱེད་ཀྱི་ཡོད། རྒྱན་གོས་དེ་ཚོ་སྤུ་ཧྲེང་གི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད་ཅེས་སྤུ་ཧྲེང་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་པ་པ་སངས་ལོ་ཡག་གིས་གསར་འགོད་པར་བརྗོད། སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོ་ནི་མཐའ་མཚམས་ས་ཁུལ་དུ་གནས་ཡོད་ཅིང་། དེ་གའི་ཐུན་མིན་གྱི་ས་ཁམས་ཁོར་ཡུག་ལས་ཐུན་མོང་མ་ཡིན་ལ་ངོ་མཚར་ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་རིག་གནས་བལྟམས་ཡོད། པ་སངས་མཚམས་གཅོད་ཀྱིས་ང་ཚོའི་གྲོང་ཚོར་སྔར་ནས་ད་བར་བུད་མེད་ཀྱིས་ཁྱིམ་གཞིས་འཛིན་ཀྱི་ཡོད་པ་དང་། “སྤུ་ཧྲེང་གི་རྒྱན་གོས”ཀྱང་བུད་མེད་ཀྱིས་རྒྱུན་འཛིན་བྱེད་པ་ལས་སྐྱེས་པས་རྒྱུན་འཛིན་བྱེད་སྲོལ་མེད། རྒྱན་གོས་འདི་ངའི་ཁྱིམ་དུ་མི་རབས་བཅུ་གྲངས་བརྒྱུད་ཟིན། ང་ལོ་17ལ་སླེབས་སྐབས་ཐེངས་དང་པོར་རྒྱན་གོས་འདི་གྱོན་པ་ཡིན། དེ་དུས་གཞི་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དོན་སྙིང་གལ་ཆེན་ཤེས་བྱུང་། ཨ་མ་ལགས་ཀྱིས་དེ་སྔོན་ང་ལ་འདི་ནི་འཁོར་ཆགས་གྲོང་ཚོའི་རྩ་ཆེའི་ནོར་བུ་རེད། འདིར་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཚེ་སྲོག་གི་དྲན་ཤེས་སྲུང་བ་དང་གཉིས་སུ་མེད་ཅེས་གསུང་མྱོང་ཞེས་བརྗོད། ད་ཆ། ཡུལ་སྐོར་བ་མང་པོ་ཞིག་གནས་འདིའི་སྙན་གྲགས་ལ་ཡིད་སྨོན་སྐྱེས་ནས་འཁོར་ཆགས་གྲོང་ཚོར་སླེབས་པས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་ཡངས་སུ་ཕྱིན་པ་མ་ཟད། ས་ཆ་དེ་གའི་ཡུལ་མི་དག་ཀྱང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་ལ་བརྟེན་ཏེ་ཡོང་འབབ་གསོག་ཐུབ་ཡོད།