༄༅།།རྒྱ་ཚ་ཞལ་དཀར་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 11-28


‍‍

དེའི་ཞལ་ལུ་དཀར་པོ་དེ་ཉིད་ཆིབས་ལས་མ་བབས་པའི་ངང་ནས་གླིང་དཔའ་བརྟུལ་དམག་དང་བཅས་པར་འདི་སྐད་གསུངས་སོ། །ཚོ་ཆེན་ལྷ་སྡེ་དཀར་པོ་རྣམས། །མིག་ཁྲ་ཆུང་གིས་ལྟད་མོ་ཅི་འདྲ་མཐོང་། །ཧོར་སེར་པོར་སྙིང་ཚིམ་ཅི་འདྲ་བྱུང་། །ཉན་བསམ་ན་ཞལ་དཀར་གླུ་ལ་ཉོན། །གསུངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་མཆོད་གཅིག་དགྲ་ལྷའི་ཁྲ་ཚང་ནས། །

   དཔའ་སེང་དུང་གྲགས་མཐུ་སྟོབས་ཅན། །

   སྡང་དགྲ་བོ་ཆམ་ལ་འབེབས་མི་ཡིན། །

   དེ་རིང་བསད་བསད་སྙིང་ཁྲག་འདྲེན། །

   གླུ་མཆོད་གཅིག་མེ་རིའི་སྐུ་མཁར་ནས། །

   གཉན་སྟག་དམར་པོ་བཙན་གྱི་རྒྱལ། །

   དཔའ་ཨ་ནུའི་དབུ་འཕང་བསྟོད་མི་ཡིན། །

   ཧོར་རྗེ་བློན་སྲོག་སྙིང་བླ་ཚེས་མཆོད། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཆུ་མར་འབབ་རྨ་ཆུའི་གཡས་ཟུར་རེད། །

   གླིང་ཚོ་ཆེན་སྟག་གཟིག་གཞི་དཀྱིལ་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   མ་ཁྲོས་ཞལ་ལུ་དཀར་པོ་ཡིན། །

   ཁྲོས་ན་ཁམས་གསུམ་ཁྲག་འཐུང་རེད། །

   གནམ་ས་གཉིས་ཀྱི་གཞུང་ཤིང་ན། །

   དགྲ་གསོན་ཚད་ཞལ་ལུའི་ཡ་ཟིས་འབེབ། །

   ཤི་ཟེར་ན་གཤིན་རྗེའི་ཁྲམ་ལ་འདེབས། །

   དེ་མིན་པ་སྟོབས་ཆེན་སུ་འགའ་མེད། །

   ཁོ་དངོས་ཡོད་དགྲ་དཔུང་མི་དགོས་དོ། །

   དངོས་མེད་འཆི་བདག་བདུད་རྒན་དེ། །

   འགྲམ་བྱུང་ན་ཡ་ཟི་བཏབ་ན་བསམ། །

   ཧོར་མི་མང་འབུམ་ཚོ་བཅུ་གཉིས་འདི། །

   ང་ཞལ་དཀར་མི་གཅིག་ལག་སྡིག་རེད། །

   ཁོ་གུར་དཀར་ཡིད་ལ་བསམ་བསམ་དེ། །

   དེ་ནམ་སོང་གར་སོང་མི་ཤེས་དོ། །

   ཚེ་སྔོན་ཐོད་པའི་བསྐོས་ཐང་རེད། །

   ཕར་ལྟོས་དང་ཧོར་སེར་དམག་སྒར་འདི། །

   མི་གཅིག་ཀྱང་གསོན་པོར་གཏོང་མི་གཏོང་། །

   གྲི་ཡ་ཟི་ངེད་གཉིས་ལག་ན་གདའ། །

   དེ་སྟེ་གུར་དཀར་འཕུང་རྒན་ཁོ། །

   ང་རྒྱ་ཚའི་ལག་ལ་མ་ཚུད་ན། །

   མི་དོན་མེད་སྡིག་པའི་ཁ་སྣོན་རེད། །

   ཨ་ཀྱང་རྩེད་མོ་ཀུ་རེ་བྱས། །

   ཚོ་ཆེན་ལྷ་འུ་སུམ་ཅུ་ཚོ། །

   ཉམས་དཔྱད་ན་འདྲ་མ་འདི་འདྲ་གདའ། །

   ཁོ་ཧོར་རྗེ་གུར་དཀར་སྡར་ལུ་འདི། །

   མི་མ་མཐོང་ཁ་ཡི་རྒྱང་གྲགས་ཅན། །

   འགྲམ་བཅར་ན་ཝ་མོ་ཁུང་འཛུལ་རེད། །

   ཁུང་དུ་བས་བདུག་ན་མཚར་པོ་གདའ། །

   ཧོར་རྩལ་ཆེན་ཤན་པ་སྤུན་ལྔ་དེ། །

   མི་མ་མཐོང་ཁ་ཡི་རྒྱང་གྲགས་ཅན། །

   འགྲམ་བཅར་ན་ཤན་པ་བྱེའུ་སྙིང་རེད། །

   རྒོད་ཐོད་གཏུག་བྱས་ན་མཚར་པོ་གདའ། །

   ཧོར་མི་མང་འབུམ་ཚོ་བཅུ་གཉིས་དེ། །

   མི་མ་མཐོང་ཁ་ཡི་རྒྱང་གྲགས་ཅན། །

   འགྲམ་བཅར་ན་ར་ནག་ཁྱུ་གཅིག་རེད། །

   སྤྱང་འཕར་བ་ཡོད་ན་མཚར་པོ་གདའ། །

   ཕོ་འགའ་རེ་མི་ཡོང་ཀ་མེད་རེད། །

   འགའ་རེ་གླ་བ་ཁྲབ་གྱོན་རེད། །

   འགའ་རེ་ཝ་མོ་མཚོན་ཐོགས་རེད། །

   འགའ་རེ་རྡོ་མགོ་རྨོག་གྱོན་རེད། །

   འགའ་རེ་བུ་མོ་རྟ་ཞོན་རེད། །

   ཕོ་ཕྱེད་རྩ་མི་ཤིང་མི་རེད། །

   སྐྲག་རྒྱུ་མི་གདའ་གླིང་རུའི་སྡེ། །

   གནམ་ཨ་སྔོན་ཟུར་གྱི་ལྷོ་སྤྲིན་དེ། །

   དཔུང་མཐུག་ལེ་ནམ་མཁའི་ཉི་འོད་བསྒྲིབས། །

   རླུང་སྐྱི་སེར་བྱུང་ན་ལྷོ་སྤྲིན་གཏོར། །

   སྲིབ་ལུང་གཞུང་ནང་གི་ཤུག་པ་དེ། །

   དཔུང་ཐུག་ལེ་རི་བོ་ལོ་མས་བསྒྲིབས། །

   མེ་དམར་མོ་འབར་ན་ཐལ་བར་བཟོ། །

   ཡུལ་གཞུང་དྲུག་ཐང་གི་ཆུ་མ་དེ། །

   དཔུང་ཐུག་ལེ་སྙེ་མས་ས་ཁ་ཁེངས། །

   རྣོ་རྒྱ་ཟོར་ཡོད་ན་ཤོག་ཐང་བཀྲམ། །

   ཧོར་མི་མང་འབུམ་ཚོ་བཅུ་གཉིས་དེ། །

   དཔུང་ཐུག་ལེ་གླིང་ཡུལ་སྒར་གྱིས་ཁེངས། །

   ཕོ་དཔའ་བོ་ཡོད་ན་རེ་རེས་ཆོག །

   འདྲ་ཨེ་བསམ་ཚོ་ཆེན་གླིང་རུའི་སྡེ། །

   ཉི་མ་དེ་རིང་ཕན་ཆད་ལ། །

   གླིང་ཚོ་ཆེན་ལྷ་སྡེ་དཀར་པོ་རྣམས། །

   བརྒྱ་ར་རུ་ཕར་ལ་མ་བསྐྱེད་ཅིག །

   སྟོང་ལུག་རུ་ཚུར་ལམ་མ་འགུག་ཅིག །

   བློ་གྲུ་ནང་མི་དང་རྔོན་པའི་ཡིད། །

   ལས་བྱ་བ་གཅིག་ལ་རྡོག་པ་གཏོད། །

   སྡང་དགྲ་བོའི་གཡས་རུ་གནོན་ལུགས་དང་། །

   གླིང་ཕུ་ནུའི་བུ་རྟ་སྒྲིག་ལུགས་དེ། །

   སང་ཉི་མ་ཤར་ན་བློ་ཁ་བསྡུར། །

   གླིང་ཕུ་ནུའི་དཔའ་སྙིང་འཐབ་ཚོད་དེ། །

   ལས་ཅི་དགོས་གླུ་ལེན་ཡོད་ལེ་གྱིས། །

   རེད་ཨེ་བསམ་ཚོ་ཆེན་ལྷ་སྡེ་རྣམས། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   སྡེ་གླིང་རུའི་ཐུགས་ལ་དེ་ལྟར་ཞོག །

   ཅེས་གསུངས་སོ། །དེའི་ནངས་པར་ཉི་མ་རི་རྩེར་ཤར་བ་དང་ལྷན་དུ་གླིང་དམག་རྣམས་སྒོར་འཁྱིལ་ལེར་འཛོམས་པ་དང་། སྟག་རོང་གི་ཨ་ནུ་གཟིག་འཕེན་དེ། ཆས་དྲུག་ལུས་ལ་ཚང་བ་དཔའ་དྲུག་ཡིད་ལ་འོང་བ་ཞིག་བྱས། མགྱོགས་པ་ཕོ་རོག་སྟོང་འཆམ་གྱི་སྟེང་དུ་ཞོན། གསེར་འཕྲུ་རྒོད་ལྡེམ་ལ་དར་དམར་གྱི་བ་དན་གཅིག་བཙུགས་ནས་ཆས་བྱུང་བ་དང་། གླིང་དཔའ་བརྟུལ་གྱི་དཀྱིལ་དེ་ནས་རྟ་ལས་མ་བབས་པར་འདི་སྐད་ཟེར་རོ། །ཚོ་ཆེན་ལྷ་སྡེ་དཀར་པོ་ཉོན། །ཡང་སྒོས་ཞལ་དཀར་ཁྲི་དཔོན་གསོན། །དེ་རིང་ཉི་མའི་གདོང་གང་ལ། །དཔའ་རྟིང་མ་རེས་མོས་ང་ལ་བབ། །ངས་ཧོར་དམག་ཁ་ལོ་བསྒྱུར་ན་བསམ། །ལ་ཆེན་ཡིན་ལུགས་ཅི་དགོས་ཏེ། །ཟེར་ནས་གླུ་འདི་འདྲ་བླངས་པར་གདའ་འོ། །

‍‍


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1