འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཇེ་ཟབ་དང་། འཕྲོད་བསྟེན་ཁང་གི་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད། སྨན་བཅོས་ཞབས་ཞུའི་སྤུས་ཚད་བཅས་མཐོ་རུ་གཏོང་ཆེད། སྤྱི་ཟླ་11ཚེས་23ཉིན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་རྐྱང་ཚ་ཁྲིམས་འཛིན་སུའོ་རྐྱང་ཚ་འཕྲོད་བསྟེན་ཁང་དུ་བསྐྱོད་དེ། སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་བཅའ་ཁྲིམས་སྲིད་ཇུས་སྨན་ཁང་དུ་སྒྲོག་པའི་བྱེད་སྒོ་སྤེལ།
བྱེད་སྒོར་ཁྲིམས་སྐྱོང་འཆད་ཁྲིད་ཀྱི་ལམ་ནས《དམངས་དོན་ཁྲིམས་གཞུང་》དང་། 《སྨན་རྫས་དོ་དམ་བཅའ་ཁྲིམས》 《ལས་གཉེར་མཐོ་རིམ་སྨན་པའི་བཅའ་ཁྲིམས》《སྨན་བཅོས་སྒྲིག་གཞིའི་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས། གྱོད་དཔེ་དབྱེ་ཞིབ་བྱས་པ་བརྒྱུད་སྨན་བཅོས་མི་སྣས་སྨན་བཅོས་རྩོད་གཞི་འཕྲད་སྐབས་ཚད་ལྡན་དང་ཁྲིམས་མཐུན་གྱི་སྒོ་ནས་ཐག་གཅོད་བྱེད་སྟངས་གསལ་པོར་སྟོན།
ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོར་སྨན་བཅོས་མི་སྣའི་ཁྲིམས་ལུགས་བརྩི་སྲུང་དང་ཁྲིམས་སྤྱོད་ཀྱི་འདུ་ཤེས། སྨན་བཅོས་རྩོད་གཞི་འགོག་ཟོན་གྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ནས་སྨན་བཅོས་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་། སྨན་པ་དང་ནད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། སྨན་པ་དང་ནད་པའི་འབྲེལ་བ་ལེགས་འཛུགས། སྨན་བཅོས་ཁོར་ཡུག་ལེགས་སྐྲུན་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན། །