ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཚོགས་འདུ་འདིར་ཤིས་འཕྲིན་སྤྲིངས།

ཡིག་སྒྱུར། དབང་འདུས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 12-04


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་2ཉིན་2023ལོའི“ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུར(ཀོང་ཀྲོའུ)རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ནུས་ཤུགས་ཞན་པ་དང་། ས་ཁམས་གནས་བབ་ཐད་ཀྱི་གདོང་གཏུག་རྒྱུན་ཆད་མེད་པར་ཤུགས་ཆེར་འགྲོ་བཞིན་ཡོད་ཅིང་། མིའི་རིགས་ཡང་བསྐྱར་ལོ་རྒྱུས་ཀྱི་ལམ་བཞི་མདོར་སླེབས་ཡོད་པས། ང་ཚོས་དེ་བས་ཀྱང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱེད་པའི་འགག་རྩ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཤེས་རྟོགས་ཐུབ་པར་བྱ་དགོས། ད་ཆ། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མདུན་ལམ་ལས་དབང་དང་མིའི་རིགས་ཀྱི་མདུན་ལམ་ལས་དབང་གཉིས་དམ་དུ་འབྲེལ་ཡོད། ང་ཚོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་གཏོད་པ། སྒྲིག་སྲོལ་དང་སྒྲིག་གཞི། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བཞིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཁག་དང་ཁེ་ཕན་གཅིག་འདུས་བྱེད་ས་རྒྱ་སྐྱེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་ཟམ་མི་ཆད་པར་སྐྲུན་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཞི་བདེའི་ངང་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོ་དང་འཛམ་གླིང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་གོང་འཕེལ་དར་རྒྱས་ཡོང་བར་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

“ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ་དེ་ནི་ཀྲུང་གོའི་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ལྷན་ཚོགས་དང་། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཚེས་2ཉིན་ཀོང་ཀྲོའུ་རུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“ལོ་བརྒྱའི་འགྱུར་ལྡོག་ཆེན་པོའི་འོག་གི་ཀྲུང་གོའི་བྱས་རྗེས་གསར་པ་སྟེ། ཁེ་ཕན་གཅིག་སྡུད་བྱེད་ས་རྒྱ་སྐྱེད་གཏོང་བ་དང་། ལས་དབང་གཅིག་མཐུན་མ་ལག་བསྐྲུན་པ”ཞེས་པ་དེ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1