“ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར”ཤང་ཀང་དུ་གཉེར་བ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། སྤེལ་དུས། 12-06


《མཐའ་མཚམས་སུ་བཞད་པའི་སྐལ་བཟང་མེ་ཏོག》ལ་དགའ་བསུ་ཆེན་པོ་ཐོབ་པ།

སྤྱི་ཟླ་12ཚེས་1ཉིན་གྱི་དགོང་མོ། “ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར”ཤང་ཀང་གི་རིག་གནས་ལྟེ་གནས་སུ་འགོ་ཚུགས་ཤིང་། ཤང་ཀང་དུ་ཐོག་མར་འཁྲབ་སྟོན་བྱས་པའི་མི་རིགས་ཀྱི་གླུ་གར《མཐའ་མཚམས་སུ་བཞད་པའི་སྐལ་བཟང་མེ་ཏོག》ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར”གྱི་བྱེད་སྒོར་མི་རིགས་ཀྱི་གླུ་གར《མཐའ་མཚམས་སུ་བཞད་པའི་སྐལ་བཟང་མེ་ཏོག》འཁྲབ་སྟོན་དང་། 《ཁམས་བཟང་། དྭངས་གཙང—བོད་ཀྱི་རིག་གནས》ཀྱི་དམིགས་བསལ་འགྲེམས་སྟོན། 《གངས་ལྗོངས་དང་ཤང་ཀང་གིས་ཀྲུང་ཧྭ་ལ་བསྟོད་གླུ་ལེན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭར་འཁྲབ་སྟོན་བྱེད》ཅེས་པའི་སྤེལ་རེས་འཁྲབ་སྟོན། 《དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས》སོགས་བྱེད་སྒོ་མང་པོ་སྤེལ་ཡོད། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་མི་རིགས་ཀྱི་གླུ་གར《མཐའ་མཚམས་སུ་བཞད་པའི་སྐལ་བཟང་མེ་ཏོག》ཟླ་12ཚེས་1དང་ཚེས་2ཉིན་ཤང་ཀང་རིག་གནས་ལྟེ་གནས་ཟློས་གར་ཁང་ཆེ་མོར་བསྟུད་མར་ཐེངས་གཉིས་འཁྲབ་ནས་བོད་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཕ་དང་བུ་མོས་རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་པར་མི་བལྟོས་པར་མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཚུགས་ནས་མཐའ་སྲུང་རྒྱལ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།

“ཁམས་བཟང། དྭངས་གཙང་གི་ས་མཐོ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི《ཁམས་བཟང·དྭངས་གཙང—བོད་ཀྱི་རིག་གནས་སྤུས་དག་འགྲེམས་སྟོན》ཟླ་11ཚེས་29ཉིན་ནས་ཟླ་12ཚེས་2ཉིན་བར་ཤང་ཀང་གི་ཚོགས་ཁང་ཆེ་མོའི་འགྲེམས་སྟོན་ཚོམས་ཆེན་དུ་ཤང་ཀང་གི་གྲོང་མི་ཡོངས་ལ་འགྲེམས་སྟོན་བྱས་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ནང་བོད་ཀྱི་སྤུས་དག་རིག་གནས་གསར་གཏོད་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་དངོས་འདྲ་བཟོ་སོགས་འགྲེམས་རྫས་300ལྷག་ཙམ་འདུས་ཡོད་ལ། པར་རིས་དང་། བརྙན་ལམ། དམངས་སྲོལ་འཁྲབ་སྟོན་སོགས་རྣམ་པ་མང་པོ་བརྒྱུད་ཕྱོགས་མང་པོ་ནས་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་དང་། ངོ་མཚར་ཆེ་ཞིང་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས། བབ་ཆགས་པའི་དམངས་སྲོལ་གོམས་གཤིས་བཅས་མངོན་པར་བྱས་ཡོད།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཤིན་ཉིང་། ཙེ་ཅིང་རིག་གནས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཝུན་ཧུང་ཝུའུ། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་གཞིའི་འབྲེལ་ཡོད་འགན་འཁུར་བ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་སོགས་ལས་རིགས་ཁག་གི་སྐུ་མགྲོན་1200ལྷག་ཙམ་མཛད་སྒོར་ཞུགས་ནས《མཐའ་མཚམས་སུ་བཞད་པའི་སྐལ་བཟང་མེ་ཏོག》གི་འཁྲབ་སྟོན་ལ་བལྟས་པ་རེད།

ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ཤང་ཀང་ནི་གསོན་ཤུགས་ལྡན་པའི་སྒོ་དབྱེའི་གྲོང་ཁྱེར་ཞིག་རེད། ད་ཐེངས་ཀྱི“ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར”གྱིས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་། སྤུས་ལེགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན། ཐུན་མོང་མ་ཡིན་པའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་སོགས་ནས་དེང་སྐབས་བོད་ཀྱི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ། མཐུན་སྒྲིལ་ཞི་མཐུན། དུས་བསྟུན་མདུན་སྐྱོད་བཅས་ཀྱི་འོད་ཟེར་འཕྲོ་བའི་མདུན་ལམ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ས་གནས་གཉིས་ཀྱི་དམངས་ཚོགས་དབར་གྱི་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལས་སྟེགས་རྒྱ་ཆེར་བཏང་བས་བོད་དང་ཤང་ཀང་ས་གནས་གཉིས་དབར་གྱི་རིག་གནས་སྤེལ་རེས་དང་། འཕེལ་རྒྱས། དེ་བཞིན་དམངས་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།

ཝུན་ཧུང་ཝུའུ་ཡིས་ཤིས་ཚིག་སྒྲོན་སྐབས། ད་ཐེངས་ཀྱི“ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར”གཉེར་བ་དེས་ཕྱོགས་གང་ས་ཅི་ཐད་ནས་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་རྒྱུན་འཛིན་གྱི་རྣམ་པ་མངོན་པས་སྤུན་ཟླ་ཤང་ཀང་བས་གངས་ལྗོངས་ས་མཐོའི་བོད་ལྗོངས་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་འགྲོ་རྒྱུ་མ་ཟད། བོད་དང་ཤང་ཀང་དབར་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཐེབས་ངེས་རེད། ཙེ་ཅིང་རིག་གནས་ཚོགས་པས་ཤང་ཀང་གི་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ཤང་ཀང་གི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རྩེར་སོན་གྱི་འཁྲབ་སྟོན་དང་འགྲེམས་སྟོན་དེ་བས་མང་བ་བྱེད་ཀྱི་རེད་ཅེས་བརྗོད་པ་རེད།

བོད་ལྗོངས་ལྷ་མོ་ཚོགས་པས་ད་དུང་ཤང་ཀང་གི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོར་མི་རིགས་ཀྱི་ཞབས་བྲོ་དང་། རོལ་ཆ་དཀྲོལ་གཏོང་། བོད་ཀྱི་སྲོལ་རྒྱུན་གྱོན་ཆས་འགྲེམས་སྟོན་སོགས་བྱས་པར་དགེ་སློབ་ཚོའི་དགའ་བསུ་ཐོབ་པ་རེད།

ད་ཐེངས་ཀྱི“ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གཟའ་འཁོར”བྱེད་སྒོ་རིག་གནས་དང་ཡུལ་སྐོར་པུའུ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་། ཙེ་ཅིང་རིག་གནས་ཚོགས་པ་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་། ཤང་ཀང་མཉམ་འབྲེལ་སྒྱུ་རྩལ་སྒྲིག་གཞི་ཚད་ཡོད་ཀུང་སི་བཅས་ཀྱིས་གཙོ་གཉེར་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1