སེང་ཆེན་གྱིས། འོ་ན་ཁྱོད་ཐེལ་མོ་སྤུན་གསུམ་ལ་ཐུག་པ་འདི། ང་ཐུག་རྒྱུ་གཅིག་དང་ཐུག་ནས་བྱུང་། ཡར་ཁམས་བྱང་མའི་རི་བརྒྱད་ཀྱི་བདུད་དེ་བཏུལ་བ་ལས་ཀྱང་ང་ཧོར་སེར་སྟོད་དུ་དོན་ཆེན་གཉིས་ཀྱི་དོན་དུ་འོངས་པ་ཡིན། དེ་ལ་ཡིན་ལུགས་འདྲ་མ་འདི་འདྲ་ཡོད་གསུངས་ནས་རོང་ཕྲུག་སེང་ཕྲན་གྱི་གླུ་རོང་རྟ་དྲུག་འགྱུར་ལ་དྲངས་ནས་འདི་ལྟར་བླངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
མཁྱེན་གཅིག་མཁྱེན་གཉིས་ཐུགས་རྗེ་ཅན། །
རོང་བཙན་ཁ་བ་དཀར་པོ་མཁྱེན། །
རོང་རྗེ་སྲིད་པའི་གཏེར་བདག་མཁྱེན། །
སྒྲུབ་ཐག་མ་རིང་ཐུགས་རྗེས་གཟིགས། །
ས་འདི་ཡི་ས་ངོ་མ་ཤེས་ན། །
ཧོར་ཐོག་ལ་རྒྱུད་ཀྱི་ཚུར་ཐད་ནས། །
ལ་བྱེ་མ་ཉག་གི་ཡང་གོང་རེད། །
མི་ང་དང་ང་ངོ་མ་ཤེས་ན། །
བྱང་ཡུལ་བ་སྨན་རི་སྨན་ཐང་ཟེར། །
སྟོད་ཁ་བཞི་དྲེད་ཀྱི་ར་བ་ནས། །
སྒོས་ཡང་བཞི་མཚལ་ར་སྨུག་མོ་ནས། །
ཆེ་གོ་ར་གནམ་རྫོང་ནང་བཅུད་ལ། །
དཔོན་རྗེ་བོ་ཀླུ་བཙན་རྒྱལ་པོ་བཞུགས། །
དཔོན་ཆེན་པོ་དེ་ཡི་མངའ་ཞབས་ན། །
རོང་བློན་ཆེན་ཕྱིང་སྔོན་མིང་དུ་བཏགས། །
ཡིན་ཐག་ཆོད་ཨ་ནུ་སེང་ཕྲན་ཡིན། །
ང་ད་ནངས་ཐོག་ལའི་རྒྱུད་ནས་འོངས། །
འདིར་ཡོང་དོན་རྩ་བ་བཤད་པ་ན། །
བྱང་གོ་རའི་གནམ་རྫོང་རིང་མོ་ནས། །
འདྲེ་འཕུང་བཟའ་ཁྲོམ་ཤོག་འབུམ་སྐྱིད་མས། །
གླིང་ཇོ་རུ་ནག་བཙོག་ཁྲིད་ནས་བྱུང་། །
དཔོན་གནམ་ས་གཉིས་ཀྱི་ཡ་བདག་ལ། །
དམུ་རྗེ་བཙན་ཀླུ་བདུད་རྒྱལ་པོ་དེའི། །
སེམས་བློ་རིག་གཏད་ས་འབུམ་སྐྱིད་མས། །
སྨན་མ་རབས་བྱ་བ་ཐ་མ་ལ། །
དཔོན་ཆེན་པོ་མི་ལག་སྤྲད་ནས་ཐལ། །
མདའ་མཚལ་དམར་རྒོད་སྒྲོའི་ཧ་ལ་འཕངས། །
འོག་སྡེ་སྐྱ་མོ་ཡན་ཆད་ནས། །
ཤ་རུ་གནམ་རྫོང་མན་ཆད་དེ། །
ཤར་གླིང་ཇོ་རུའི་ལག་ཏུ་ཤོར། །
དེ་ནས་རོང་བློན་ཕྱིང་སྔོན་ང་། །
དམུ་རྗེ་རྒྱལ་པོའི་མདུན་བློན་ཡིན། །
ཟས་སྡེར་ཁ་དམའ་ནས་ཨ་བློན་ཟེར། །
གོས་དྲི་མ་ཕོག་ནས་ཨ་བློན་ཟེར། །
དེས་མི་ཚད་ཤག་པོ་མནའ་བཞག་བྱས། །
མནའ་ཐེངས་མ་གསུམ་ལ་བཞག་ལེ་ཡིན། །
དཔོན་དེ་ཚོ་ཇོ་རུའི་ལག་ཏུ་ཤོར། །
དེ་ནས་བློན་པོ་ཕྱིང་སྔོན་ངས། །
བསམ་བློ་ཡང་ཡང་བཏང་བས་ན། །
ཤ་གཟེར་རུས་ལ་མི་ནུས་ཏོ། །
གཞུ་ཐུབ་ཀླད་ལ་མི་ཐུབ་དོ། །
ཉི་མ་ཉིན་ལ་མི་ཆོད་དོ། །
མཚན་མོ་གཉིད་ཀྱང་མི་ཁུག་དོ། །
ཁ་འཛིན་ཁོག་པའི་ཡི་མུག་དེ། །
གངས་དཀར་སེམས་ཀྱིས་མི་ནུས་དོ། །
གཟུགས་གཞི་རུས་པའི་གསས་མཁར་འདི། །
སྲོ་ལ་ཆད་ནས་མི་འཁྱོག་དོ། །
སྙིང་ལ་ཟུག་གི་མཛེར་རུ་འདི། །
བྱང་ཁོག་སྟོད་ལ་མི་ཤོང་དོ། །
མ་ཞུ་ཟ་མའི་དུག་ཟོས་འདི། །
ཕོ་བས་ཡུ་ནས་མི་བཟོད་དོ། །
དེ་བས་ཧོར་ཡུལ་སྟོད་ལ་འོངས། །
ཧོར་བདུད་ཁ་ལ་སྦྲེལ་བས་ན། །
དཔོན་དེའི་ཤ་ལན་ཨེ་ལོན་བསམས། །
སྤྱི་དོན་བྱས་ན་དེ་འདྲ་ཡིན། །
ང་རང་སྒེར་དོན་བཤད་པ་ན། །
དཔོན་མེད་འོག་གི་གཡོག་པོ་འདི། །
ལས་བྱས་རྩིད་སྐུད་མགོ་བྲེག་རེད། །
ལྟོ་ཟོས་ང་རྒྱལ་ཁོ་ཕམ་རེད། །
གཏམ་བཤད་རང་འདོད་སྦུག་འཚང་རེད། །
དེ་བསམས་ཉི་མ་མི་ཆོད་དོ། །
དེ་སྟེ་སྲིད་པའི་བསྐོས་བཞག་ལ། །
ཤོ་དང་མིག་མངས་རྒྱལ་བློན་གསུམ། །
མི་དལ་སྤྲོ་བ་སྐྱེད་རོགས་རེད། །
ཡི་མུག་སྣང་བ་འགྱུར་རོགས་ཡིན། །
རང་སེམས་སྐྱོ་མོ་བསངས་རོགས་རེད། །
རྒྱན་བཞག་ཤོ་གཅིག་འཕེན་ན་བསམས། །
ངའི་རང་སེམས་ཤོ་ལ་གཏད་ཞན་འདྲ། །
ཤོ་རྒྱག་རོགས་མེད་ན་སྟོང་པ་རེད། །
གཞུ་རྭ་རྒོད་རྒྱུད་ལ་འགུགས་ཞན་འདྲ། །
མདའ་ཉག་ཕྲན་མེད་ན་སྟོང་པ་རེད། །
མིག་ཁྲ་ཆུང་བལྟ་ལུགས་ཉམས་ཞན་འདྲ། །
མིག་ཁ་ཡ་མེད་ན་ཞ་ར་རེད། །
ཤོ་གྲུ་བཞི་རྒྱན་ལ་བསམས་བསམས་ནས། །
ལུས་འདོམ་གང་རུས་པའི་གསས་མཁར་འདི། །
སེམས་སྐྱོ་མོའི་རྒྱུད་ལ་འཁྲིལ་ནས་ཐལ། །
གླུ་གོ་ན་རྣ་བའི་བདུད་རྩི་ལ། །
གླུ་མ་གོ་གླུ་ཡི་འགྲེལ་བ་ཞོག །