༄༅།།གསར་པ་བརྒྱ་ནང་རྙིང་པ་གཅིག རྩེ་འབད་མཆོད་ཁང་།

གངས་དབང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 12-12


‍‍གསར་པ་བརྒྱ་ནང་རྙིང་པ་གཅིག རྩེ་འབད་མཆོད་ཁང་། གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།རྩེ་འབད་མཆོད་ཁང་།

མཚོ་ལ་བརྒྱབ་སྟེ་འདབ་པ་རྫོང་གི་མངའ་ཁོངས་སུ་སྐྱོད་དུས་ལམ་གྱི་གཡས་གཡོན་དང་། ཁང་པའི་ལྟག་རྒྱབ། ཞིང་སའི་ཁ་ལ་ལྕང་སྡོང་ཆེ་ཆུང་མི་འདྲ་བ་དང་ཕྲ་སྦོམ་མི་གཅིག་པ་མང་པོ་ཚོམ་བུར་སྐྱེས་པའམ་གྲལ་བསྟར་བསྒྲིགས་ནས་ཡོད་པ་རྣམས་སྟོན་དུས་ཀྱི་ནམ་མཁའ་དང་བསིལ་རླུང་འོག་སེར་མདོག་གི་ཡལ་ག་དར་ཆར་གཡོ་ཞིང་། སེར་མདོག་གི་ལོ་མ་རླུང་རྟར་འཕུར་བ་དང་མཚུངས་པས་ལྕང་མའི་རྫོང་ཞེས་ནའང་མིང་དོན་མཚུངས་པ་ཞིག་རེད། གྲོང་གསེབ་དང་རྫོང་ཐོག་གང་ཡིན་ཡང་སྡོད་ཁང་ཚང་མ་ནི་ས་རྡོ་ལས་བརྩིགས་པའི་བོད་ཁང་གྲུ་བཞི་མ་རྐྱང་རྐྱང་རེད། ཡིན་ན་ཡང་། མང་ཤོས་ནི་འབྲས་རྡོ་དཀར་པོ་ལས་དྲས་པའི་རྡོ་གྲུ་བཞི་མ་གྲུ་གང་ཙམ་གྱིས་བརྩིགས་པ་ལས་སྔོན་མ་ལྟར་རྡོ་ཆེ་ཆུང་མང་པོ་དང་བཟོ་ལྟ་སྣ་ཚོགས་ཀྱིས་བརྩིགས་པའི་ཁང་རྙིང་ནི་རེ་གཉིས་ཙམ་ལས་མཐོང་རྒྱུ་མི་སྣང་། འདི་ནའི་ཁང་པ་ལ་ཁམས་ཁུལ་གཞན་གྱི་རྡོ་ཁང་དང་མི་འདྲ་བའི་ཁྱད་ཆོས་ནི་སྒོ་དང་སྐར་ཁུང་གི་མདོག་ཁ་ནི་ནག་པོ་ཁོ་ན་ལས་དེ་མིན་གྱི་དཀར་སེར་དང་དམར་སྐྱ་སོགས་ཀྱི་མདོག་ཅི་ཡང་མེད་པས་བརྟན་ཞིང་བརླིང་ལ་ལྷུན་གྱིས་གྲུབ་པའི་སྣང་མ་ཞིག་སྟེར། དེ་ཡང་ས་གནས་འདི་ན་ཧ་ཅང་མཐོང་དཀོན་པའི་ཤིང་ཞིག་ཡོད་པ་དེ་བསྲེགས་པའི་སོལ་བ་སྒོ་དང་སྐར་ཁུང་ལ་བསྐོས་ན་འབུ་ཡིས་མི་ཟ་ཞིང་ཆར་ཆུས་མི་རུལ་བ་ལ་ཕན་ཞེས་པ་དང་། འདབ་པ་ཡིས་མཆོད་ཁང་ནི་འཇའ་ཚོན་སྣ་ལྔ་ལྟར་དཀར་སེར་དམར་ལྗང་གིས་བརྒྱན་ནས་ཡོད་པས་ཁང་པའི་སྒོ་དང་སྐར་ཁུང་ནག་པོ་བྱས་པ་ནི་ཆོས་ལ་ལྷག་པར་དུ་དད་པ་དང་བརྩི་བཀུར་ཡོད་པའི་རྟགས་ཡིན་ཞེས་ཟེར་སྲོལ་ཡང་འདུག   གཞན་ཡང་བོད་ཀྱི་ཁང་པའི་དབྱིབས་གྲུ་བཞི་མ་ཡིན་པ་ནི་བོད་བཙན་པོའི་དུས་ཀྱི་མངའ་ཁོངས་གྲུ་བཞི་མ་ཡིན་པས་དེ་ལ་དཔེ་བྱས་པ་རེད་ཟེར་ཡང་བདེན་ཁ་མི་ཆེ་སྟེ། བོད་ཁང་རྙིང་པ་མང་པོ་གྲུ་བཞི་མ་མིན་པས་སོ།། གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།

ལོ་ངོ་བདུན་གྱི་སྔོན་ལ་འདི་ན་ཐོག་མར་ཡོང་དུས་རྫོང་དང་ཐག་ཉེ་བ་ན་རྩེ་འབད་མཆོད་ཁང་ཞེས་པ་ཞིག་ཡོད་པ་དེ་མཇལ་མྱོང་མོད། བརྗེད་ངན་རྐུན་པོས་ཁྱེར་ཏེ་ད་ལྟར་འདི་དང་དེ་ཞེས་གསལ་པོར་དྲན་མི་ཐུབ་པས་སླར་ཡང་མཇལ་འདོད་སྐྱེས་ཏེ་དེའི་ཕྱོགས་སུ་སོང་། དབང་ཆུའི་གཡས་གཡོན་དུ་ཡར་རྒྱུག་མར་རྒྱུག་འགའ་བྱས་ཀྱང་མཆོད་ཁང་དེ་རྙེད་མ་སོང་། ལམ་འགྲམ་ན་ཞིང་པ་རྒན་གཞོན་མང་པོ་ཡོད་པས་དེ་ཚོ་ལ་ལམ་དྲིས་ན་ཆོག་མོད། ང་བོད་པ་ཞིག་གིས་གྲོབ་གསེབ་ནང་གི་མི་ཚོ་ལ་རྒྱ་སྐད་བཤད་ན་གཞན་གྱི་མདུན་དུ་ངོ་ཚ་ལ། བོད་སྐད་བཤད་ན་གོ་བརྡ་འཕྲོད་མིན་གྱི་དོགས་པ་ཡོད་ཀྱང་། ཐབས་མེད་པར་བུད་མེད་བྱིས་པ་ཁུར་མཁན་ཞིག་ལ་དྲིས་དུས་མོས་ཡིད་ཆེས་དང་སྤོབས་པ་ཆེན་པོས་འགྲོ་ལམ་བསྟན་པས་སེམས་ནང་དགའ་དད་ཀྱི་སྣང་བ་ཟེར་དུ་མེད་པ་ཞིག་སྐྱེས་བྱུང་། རྒྱུ་མཚན་ནི་ངའི་ཕ་ཡུལ་གྱི་སྐད་དང་འདི་ནའི་བོད་སྐད་གཉིས་གོ་བརྡ་འཕྲོད་པ་དང་། ས་འདི་གའི་བོད་མི་ཚོས་ལྷད་མེད་བདེན་དྲང་གི་གཤིས་བཟང་ད་དུ་ཚང་མ་དོར་མེད་པས་སོ།།

མོས་མཛུ་གུ་བཙུགས་པའི་ཕྱོགས་སུ་སོང་བ་ན་དབང་ཆུ་ཤང་གི་རྫི་ནང་གྲོང་གསེབ་ཏུ་སླེབས། གྲོང་པ་འདི་ས་ཁོད་སྙོམས་ཤིང་བདེ་ལ་བོད་ཁང་ཚང་མ་ནི་འབྲས་རྡོ་གྲུ་བཞི་མས་བརྩིགས་ཤིང་སྒོ་དང་སྐར་ཁུང་ཡོད་ཚད་རྒྱ་ཆེ་ལ་མདོག་ནག་པོ་ཅན་རྐྱང་རྐྱང་རེད། དབང་ཆུའི་འགྲམ་དུ་བརྩིགས་པའི་རྡོ་འབུམ་ཞིག་གི་གཡས་ཕྱོགས་སུ་རྡོ་གཅལ་བཏིང་བའི་ལམ་ཞིག་ཞིང་ཁར་བསྲིངས་འདུག   ལམ་གྱི་སྣེ་མོར་ལྕང་སྡོང་ཚོམ་བུ་གསུམ་གྱི་བར་དུ་ཁང་རྙིང་ཞིག་སྣང་། དེ་ནི་རྩེ་འབད་མཆོད་ཁང་རེད། སྐབས་དེར་ཉི་མ་ལོག་པའི་དུས་དང་འཁེལ་བས་ལྕང་སྡོང་གི་གྲིབ་མ་རྩིག་པ་ལ་ཕོག་སྟེ་དཀར་ནག་གི་དབྱེ་བ་གསལ་ལ་ཞིང་ཁའི་རྩྭ་དང་ལྕང་ལོ་སེར་པོ་དང་བཅས་པ་ནི་པིར་གྱིས་བྲིས་པའི་རི་མོ་ཞིག་དང་མཚུངས། ཁང་རྙིང་འདི་ནི་གནའ་མིའི་ལུགས་ལྟར་ས་གནས་འདི་གར་ཡོད་པའི་རང་བྱུང་གི་ས་དང་རྡོ་ཆེ་ཆུང་རྣམས་ཀྱིས་བརྩིགས་པ་དང་། སྤྱི་ཁོག་གི་ཟུར་ལ་དགོས་མཁོ་ལྟར་ཁང་མིག་བཏགས། ཐོག་བརྩེགས་ལ་ལྟག་སྒོ་ཞིག་ཡོད་པ་ཅུང་རྒྱ་ཆེ་བ་ལས་སྐར་ཁུང་ཚང་མ་ཆུང་ཆུང་ལས་མེད་པས་འབྲས་རྡོ་གྲུ་བཞི་མས་བརྩིགས་ལ་སྤྱི་ཁོག་ནི་གྲུ་བཞི་མ་རྐྱང་རྐྱང་ཡིན་པའི་ཁང་པ་གསར་པ་རྣམས་དང་མི་འདྲ་ཡང་། གནའ་ཉམས་དོད་ཅིང་དར་རྒུད་ཀྱི་བྲོ་བ་ལྡན་པ་ཞིག་རེད། གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།

མཆོད་ཁང་གི་ཟུར་ལ་དུང་འཁོར་ཁང་པ་ཞིག་འདུག   དུང་འཁོར་ནི་ཀོ་བས་དྲིལ་པ་ཙམ་ལས་བཀྲ་ཤིས་རྟགས་བརྒྱད་སོགས་རི་མོ་ཅི་ཡང་མི་སྣང་། གྱང་གི་ངོས་སུ་ཡོད་པའི་གུ་རུ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལྡེབས་རིས་མང་པོ་ལ་ཆར་པ་ཕོག་སྟེ་ལ་ལ་གོག་འདུག་པས་སེར་སྣ་སྐྱེས་པ་ཞིག་ཀྱང་རེད། མཆོད་ཁང་གི་རྒྱ་སྒོའི་མདུན་ལ་རྡོ་རིང་ཞིག་བཞེངས་ཏེ་དེའི་ངོས་སུ་རྒྱ་ཡིག་དང་དབྱིན་ཡིག   ལྷོ་ཁ་རེ་ཡའི་ཡི་གེ་བཅས་ཀྱིས་མཆོད་ཁང་ངོ་སྤྲོད་མདོར་བསྡུས་ཙམ་བྱས་འདུག་མོད། བོད་ཡིག་གི་ཐོག་ནས་རྩེ་འབད་མཆོད་ཁང་ཞེས་བྲིས་པ་ཙམ་ལས་དེ་མིན་བོད་ཡིག་མཐོང་རྒྱུ་མེད་པས་སེམས་པ་ཅུང་ཕངས་བྱུང་།

རྒྱ་སྒོ་ཕྱེས་ཏེ་སྒོ་ར་ནང་འཛུལ་དུས་ཁང་རྙིང་གི་སྒོ་ལ་སྒོ་ལྕགས་ཆེན་པོ་ཞིག་བརྒྱབ་འདུགཅུང་འགོར་དུས་ཕོ་སར་ཞིག་སླེབས་བྱུང་། མཆོད་ཁང་ནང་མཇལ་སར་འགྲོ་ཨེ་ཆོག་ཅེས་དྲིས་པར་མི་རེས་སྒོར་མོ་བཅུ་རེ་སྤྲད་དགོས་ཟེར། ཕོ་སར་དེ་ནི་མཆོད་ཁང་འདིའི་བདག་པོ་ཡིན་ལ་མིང་ལ་དཔལ་ལྡན་ཟེར། དེ་ནས་ཁོ་དང་མཉམ་དུ་མཆོད་ཁང་ནང་སོང་། ཁང་པ་འདི་ནི་མ་གཞིར་དུད་ཚང་ཆེན་པོ་ཞིག་ཡིན་ཚོད་འདུག་སྟེ། བརྩེགས་དང་པོར་རྟ་ཁང་དང་། ཕག་ཁང་། ལུག་ཁང་བཅས་སོ་སོར་བཀར་ཞིང་། བརྩེགས་གཉིས་པར་ཇ་ཁང་དང་ཉལ་ཁང་། འབྲུ་ཁང་། མགྲོན་བསུ་ཁང་། མཆོད་ཁང་ཡོད་ལ། མགྲོན་བསུ་ཁང་ནང་དེ་སྔོན་གྱི་རོང་པའི་འཚོ་བའི་སྤྱོད་ཆས་སྒྲོ་བ་དང་ཐག་པ། ཟ་རུ། སྒམ་བུ་སོགས་མི་ཉུང་བ་སྣང་། མཆོད་ཁང་ནི་ས་སྐྱ་པའི་མཆོད་ཁང་སྟེ་ས་སྐྱའི་བླ་མ་དང་དེ་མིན་གྱི་ལྡེབས་རིས་མང་པོ་སྣང་། བརྩེགས་གསུམ་པའི་མཆོད་ཁང་ནི་དགེ་ལུགས་པའི་མཆོད་ཁང་སྟེ་རྗེ་ཙོང་ཁ་པ་གཙོ་བོར་བྱས་པའི་ལྡེབས་རིས་རྙིང་པ་མང་པོ་མཇལ་རྒྱུ་འདུག   དུད་ཚང་གཅིག་ནང་གྲུབ་མཐའ་ས་སྐྱ་དང་དགེ་ལུགས་གཉིས་ཀ་ལྷན་དུ་འཛོམས་པ་ནི་ཡ་མཚན་རེད་ཅེས་འུར་སྒྲོག་བྱས་ཀྱང་། གྲུབ་མཐའི་ཕྱོགས་རིས་དང་འགལ་བ་གཙོ་བོ་ནི་མཐོ་རིམ་གྱི་དབང་སྒྱུར་པ་ཚོའི་ནང་ཁུལ་དུ་ཚབས་ཆེ་བ་ལས་འབངས་མི་སེར་བར་དེ་འདྲའི་རྩོད་འཕྲོག་ཡོད་པ་ཞིག་མ་རེད།

བཤད་སྒྲོས་སུ་མཆོད་ཁང་འདི་ལ་ལོ༤༠༠ཙམ་གྱི་ལོ་རྒྱུས་ལྡན། སྐབས་དེ་དུས་ས་ཆ་འདིའི་མི་རྣམས་དབུས་ལྷ་སར་འགྲོ་དགོས་ན། རྩེ་འབད་ཚང་གི་ལམ་ཡིག་དགོས་པ་དང་། དུད་ཚང་འདི་ལ་ས་སྐྱ་དང་དགེ་ལུགས་གཉིས་ཀའི་བླ་སྤྲུལ༡༡༣ཙམ་འཁྲུངས་མྱོང་བར་གྲགས། ཁང་འགྲམ་གྱི་ལྕང་སྡོང་དེ་ནི་ས་སྐྱ་བླ་མ་བྱང་ཆུབ་ལྷ་སར་སོང་སྟེ་ཕྱིར་ལོག་པའི་ལམ་བར་དུ་ལྕང་མའི་ཡལ་གས་འཁར་བ་བྱས།ཁྱིམ་དུ་སླེབས་རྗེས་ལྕང་མའི་འཁར་བ་ས་དེ་གར་བཙུགས་པས་རྗེས་སུ་རྩ་བ་རྒྱས། ལོ་མ་འཁྲུངས་ཏེ་ད་ལྟའི་བར་དུ་གནས། ལྕང་མ་དེ་ནི་འདབ་པའི་ཆེས་ཐོག་མའི་ལྕང་སོན་ཡིན་པས་འདབ་པའི་ས་ཆ་གང་དུའང་ལྕང་མའི་ནགས་ཚལ་འཁྲིགས་པ་ནི་དེའི་བཀའ་དྲིན་ཡིན་ཞེས་ཚང་མས་གུས་བཀུར་ཚད་མེད་བྱས་དང་བྱེད་བཞིན་པ་རེད། གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།གསར་པ་བརྒྱ་ནང་རྙིང་པ་གཅིག   རྩེ་འབད་མཆོད་ཁང་།

དཔལ་ལྡན་གྱིས་ཁོ་རང་ཡང་ཁང་པ་འདིའི་ནང་ལོ་བཅུ་གསུམ་ཙམ་བསྡད་མྱོང་མོད། དེ་རྗེས་སྲིད་གཞུང་གིས་མཆོད་ཁང་རྙིང་པ་འདི་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁང་ས་གཞན་ཞིག་སྤྲོད་པས་ད་གཟོད་ཁང་རྙིང་འདི་བཤིག་མ་དགོས་པ་རེད་ཟེར།

རྩེ་འབད་མཆོད་ཁང་གི་ཕྱིའི་རྩིག་པ་དང་ནང་གི་ལྡེབས་རིས། ཁང་འགྲམ་གྱི་ལྕང་སྡོང་། ཁང་ཐོག་གི་ཆུ་ཐིགས་ཀྱིས་ཟད་པའི་རྡོ་ལེབ་བཅས་ཀྱིས་དེང་སང་སུས་ཀྱང་གོ་ཐབས་མེད་པའི་ངོ་མཚར་བའི་གཏམ་རྒྱུད་མང་པོ་བསྐུངས་ནས་ཡོད་ལ། དེ་དག་ནི་དེང་རབས་ཀྱི་གསར་བུ་གསར་མོ་རྣམས་ལ་ལོ་རྒྱུས་ཀྱི་རྗེས་དྲན་དང་དུས་རབས་ཀྱི་གསལ་འདེབས་སུ་ལུས་པ་ལ་འདིང་བརྒྱབ་ན་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་ཏེ། ཡོད་ཚད་གསར་པ་ལ་བསྒྱུར་ཞིང་ལས་ཚད་རང་བྱུང་དང་ཐག་ཇེ་རིང་དུ་འགྲོ་བའི་སྐབས་སུ་ཁང་རྙིང་འདི་ཁོ་ན་ང་ཚོའི་མདུན་དུ་བསླངས་པའི་རྡོ་རིང་ཞིག་དང་འདྲ།

ཁང་པ་རྙིང་པ་ཞིག་ནང་བདག་པོ་གསར་པ་ཞིག་དང་རང་ས་རང་ཡུལ་གྱི་རོང་སྐད་ཀྱིས་ཁ་བརྡ་བྱེད་དུས་གོ་བརྡ་མི་འཕྲོད་ས་མེད་པས་དགའ་སྤྲོ་ཆེན་པོས་དྲི་བ་མང་པོ་བཏོན་ཏེ་ས་སྲོད་བར་དུ་དེ་ན་ལུས་སོང་། མཐར་དྲི་བ་དང་རྗེས་དྲན། བསམ་གཞིག་དང་ཕྱིར་འདིང་མང་པོ་དང་བཅས་ཕྱིར་ལྟ་ཡང་ཡང་བྱེད་ཀྱིན་ལོག་དགོས་བྱུང་། ཕྱིར་མིག་གི་ལམ་དུ་ཁང་རྙིང་དང་ཤིང་སྡོང་ནི་ལུག་ཁྱུ་བོར་བའི་རྫི་བོ་རྒན་པོ་ཞིག་རི་མགོར་ལངས་པ་ལྟར་མུན་པའི་ཁྲོད་དུ་ལྷང་ངེར་འགྱིང་འདུག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1