༄༅།།རི་མོའི་དར་སྲོལ་སྤྱིར་བཤད་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-22


སྤྱིར་རི་མོ་ནི་ཕྱི་སྣོད་ཀྱི་རི་བྲག་ཁང་ཁྱིམ་དང་རྩི་ཤིང་ནགས་ཚལ་སོགས་དང་། ནང་སྐྱེ་འགྲོའི་ཉེར་ལེན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད། གསང་བ་རྣམ་རྟོག་སེམས་ཀྱི་འགྱུ་དྲན་སོགས་སྣང་བ་དང་རྟོག་པའི་རང་གཟུགས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བཞེངས་བསྐྲུན་བྱས་པ་ཞིག་ཡིན་ལ།  སྤྱི་ལོ་སྔོན་གྱི་མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་ལ་འབྲེལ་འདྲིས་དང་གོམས་གཤིས་མཚོན་ཕྱིར་ཡིད་དུ་འོང་བའི་ཡུལ་ཁྱད་པར་བ་ལ་ལྟོས་ནས་དེ་དང་དེའི་རྣམ་པར་རྡོ་དང་རུས་པ། ཤིང་སོགས་ཀྱི་ངོས་སུ་ཉི་ཟླ་སྐར་གསུམ་དང་། སྲོག་ཆགས་གཅན་གཟན་དང་རྟ་དང་གླང་པོ། རི་དྭགས་དང་འདབ་ཆགས་ཀྱི་རིགས་དང་།  ཆུ་བྲག་སྤྲིན་གསུམ་དང་རྟ་ནོར་ལུག་གསུམ། བུད་མེད་དང་སྐྱེས་པའི་ཆ་བྱད་སོགས་བརྐོས་རིས་གང་རུང་གི་རྣམ་པ་སྣང་བརྙན་གྱི་གཟུགས་སུ་བཞེངས་བསྐྲུན་བྱས་པ་ཞིག་ཡིན་པར་བསྙོན་དུ་མེད་ལ།  དེང་དུས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ས་འོག་ནས་སྔོག་འདོན་བྱས་པའི་གནའ་རྫས་རིགས་མི་འདྲ་བ་མང་པོ་ཞིག་གསར་རྙེད་བྱུང་བར་ཆབ་མདོའི་ཁ་རུབ་དུ་སྔོན་རྗེས་བསྔོགས་ཐེངས་གཉིས་སུ་རྙེད་པའི་རུས་ཆས་དང་རྫ་ཆས་ཀྱི་རིགས་མི་འདྲ་བ་མང་པོ་ཞིག་གི་ནང་།  རྫ་ཆས་ཀྱི་ཁོག་མ་དང་སླ་ང་ཕོར་པ་དག་བཟོ་དབྱིབས་ལེགས་ཤིང་རི་མོའི་ཉམས་ཕུན་སུམ་ཚོགས་པ་ལྡན་པ་དང་།  སྤྱི་ལོ་1984ལོར་ལྷ་སའི་ཆུ་གོང་ནས་རྙེད་པའི་གནའ་ཤུལ་རྫ་ཆས་དང་རྡོ་ཆས་རུས་ཆས་སོགས་རྣམ་གྲངས་ཁྲི་ཕྲག་ལ་ཉེ་བའི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་ཀྱི་རིགས་དེ་དག་ལ་ཚན་རིག་དང་ལོ་རྒྱུས་སྨྲ་བའི་ཆེད་མཁས་པ་དག་གིས་གཞིབ་པར་ལྟར་ན་སྤྱི་ལོ་གོང་གི་ལོ་ལྔ་སྟོང་ནས་བརྒྱད་སྟོང་ཡས་མས་སུ་བོད་མིའི་ཤེས་རིག་རི་མོའི་ལག་རྩལ་དར་ཡོད་པ་ར་སྤྲོད་བྱས་ཡོད།  གཞན་ཡང་སྤྱི་ལོ་1981ལོར་མདོ་ཁམས་ཏྲེ་ཧོར་བྲག་མགོའི་ཁ་ས་མཚོ་ཁ་ནས་གནའ་བོའི་དུར་ས་ཞིག་ནས་ཐོན་པའི་རྡོ་ལེབ་ཀྱི་རོ་སྒམ་ནང་རོ་དང་མཉམ་དུ་འཇོག་པའི་རྡོ་ཆས་དང་རུས་ཆས་ཟངས་རྫ་མའི་རིགས་སོགས་གནའ་བོའི་བོན་ཀྱི་ཆོས་ལུགས་དང་འབྲེལ་བའི་ཅ་དངོས་དེ་དག་ལ་བཟོ་རྩལ་དང་རི་མོའི་རྣམ་པ་ཧ་ལས་པ་ཞིག་ཐོན་ཡོད་པ་ལ་བརྟག་ན་བོད་ཡུལ་འདིར་རིང་མོ་ཞིག་ནས་རི་མོའི་བཟོ་རྩལ་ལ་གདེང་འཇོག་བྱས་ཡོད་པ་གསལ་པོར་ཤེས་ཐུབ།   གོང་གི་ཆབ་མདོའི་ཁ་རུབ་དང་ལྷ་སའི་ཆུ་གོང་སོགས་ནས་རྙེད་པའི་གནའ་རྫས་ཀྱི་རིགས་དེ་དག་གནོད་སྦྱིན་ནག་པོ་སོགས་ཀྱིས་དབང་སྒྱུར་བྱེད་པའི་བྲན་གཡོག་ལམ་ལུགས་མགོ་ཚུགས་པའི་དུས་རབས་ཡིན་པ་ཚན་རིག་དང་ལོ་རྒྱུས་སྨྲ་བ་དག་གིས་བདེན་དཔང་བྱས་ཡོད། རི་མོའི་ལག་རྩལ་དེའང་སྐབས་དེར་བྱུང་བ་ཡིན་པས་དེ་དང་དུས་མཚུངས་ཡིན་པར་བསྙོན་དུ་མེད་ལ་གཞན་ཡང་དེང་དུས་བོད་ཡུལ་འདིར་ས་འོག་ནས་བསྔོགས་པའི་གནའ་ཤུལ་གྱི་རིགས་མི་འདྲ་བ་རྣམ་པ་མང་པོ་ཞིག་གསར་རྙེད་བྱུང་ཡོད་པ་དེ་དག་དང་།   ཨེ་ལྗིབ་ཕུ་ཐིའི་ལུང་པ་ནས་ཐོན་པའི་ལོ་ངོ་འབུམ་གཉིས་གསུམ་ཙམ་གྱི་ལོ་རྒྱུས་ཡོད་པའི་རྡོ་ཆས་རྙིང་པའི་རིགས་དེ་དག་དང་བསྡུར་ན་རྣམ་པ་དང་ཁྱད་ཆོས་ཀུན་ཏུ་མཚུངས་པས་སྤུ་རྒྱལ་གོང་གི་མངའ་མཛད་གནོད་སྦྱིན་ནག་པོའི་དུས་རབས་ཀྱི་ལོ་རྒྱུས་དང་རིག་གནས་ལག་རྩལ་སོགས་ལ་ད་དུང་དཔྱད་པ་ཞིབ་ཕྲ་གནང་དགོས་པའི་རྟགས་རང་ཤུགས་སུ་གྲུབ་ཡོད། །དེ་ལས་གཞན་ཡང་བོད་གངས་ཅན་གྱི་ལྗོངས་འདི་ན་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་བྱུང་བའི་བྲག་རིས་ངོ་མཚར་ཅན་མང་པོ་ཞིག་རྙེད་ཡོད་པ་ནི།  དཔེར་ན་མཁས་དབང་ནོར་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། སྤྱི་ལོ་1939ལོར་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་དཔྱད་ཞིབ་པ་ནུབ་ཕྱོགས་ཀྱི་མཁས་དབང་སྐུ་ཞབས་ཇོ་སེབ་ཏུཀྩི་ལ་དྭགས་སུ་ཕེབས་ནས་བྲག་ལྡེབས་ཀྱི་ངོས་སུ་བརྐོས་པའི་མཆོད་རྟེན་དང་བོད་ཀྱི་དཔོན་བློན་ཆེ་གྲས་ཁག་གི་མཚན་དང་།   སེམས་ཅན་གྱི་གཟུགས་སོགས་རི་མོའི་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་རྙེད་པ་རྣམས་དཔར་བླངས་ནས་དཔར་གཞི་དེང་དུས་ཨི་ཏ་ལིའི་རྒྱལ་ས་གྲོང་ཁྱེར་རོ་མའི་ཤར་ཕྱོགས་སློབ་གཉེར་ཁང་གི་རིག་རྫས་ཡོ་ཆས་ཀྱི་མཛོད་དུ་བཞུགས་ཡོད་ཅེས་དང་།  སྤྱི་ལོ་1988སྟེ་ས་ཕོ་འབྲུག་གི་ལོར་དབྱར་ཟླ་འབྲིང་པོའི་ནང་ནུབ་ཕྱོགས་ཀྱི་གྲོགས་པོ་འགའ་ཁོང་དང་ལྷན་དེང་དུས་མངའ་རིས་སུ་གྲགས་པ་གནའ་དུས་ཞང་ཞུང་གི་ཡུལ་དབུས་སུ་ལོ་རྒྱུས་ཞིབ་འཇུག་ལ་ཕྱིན་སྐབས།  ཞང་ཞུང་གི་ཡུལ་དེར་འགྲིམ་འགྲུལ་གྱི་ལམ་དང་ཉེ་སའི་བྲག་ངོས་ཞིག་ནས་ཆེས་རྙིང་པའི་རི་མོ་མི་ཉུང་བ་ཞིག་རྙེད་ནས། བྲག་རྐོས་རི་མོ་དེ་དག་གི་རིགས་ནི་ཨོ་སི་ཐྲི་ལི་ཡི་གཉུག་གནས་མི་རིགས་ཀྱི་ཡ་ཐོག་གི་མི་བརྒྱུད་ཚོས་བྲག་རྐོས་ངོས་སུ་བྲིས་པའི་རི་མོ་མི་ཉུང་བ་ཞིག་ཡོད་འདུག་པ་དེའི་རིགས་ལ་ཕྱིས་སུ་དབྱིན་ཇིས་ཀྱི་གནའ་བོའི་རིག་རྫས་རྟོག་ཞིབ་མཁན་འགས་ཞིབ་འཇུག་བྱས་པར་རྒྱུད་གཏན་འབེབས་བྱས་པ་ནི། ཨོ་སི་ཐྲི་ལི་ཡའི་གཉུག་གནས་མི་རིགས་ཀྱི་ཡ་ཐོག་གི་ལོ་རྒྱུས་ལོ་གྲངས་སྟོང་ཕྲག་བཞི་བཅུའམ་བཞི་ཁྲིའི་གོང་དུ་འགྲོ་ཐུབ་ཀྱི་ཡོད་པར་བརྟེན།   མི་རིགས་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཁྲོད་དུ་རྙིང་ཤོས་ཡིན་པ་ངོས་འཛིན་བྱས་ཡོད།  དེར་བརྟེན་ད་དུང་མངའ་རིས་ཀྱི་ས་ཁུལ་གཞན་དུའང་དེ་འདྲ་བའི་བྲག་རྐོས་རི་མོ་མང་དུ་ཡོད་པར་གྲགས་ལ།  དེ་དག་གི་ལོ་རྒྱུས་ལ་ཚོད་དཔག་བྱས་ན་ཞང་ཞུང་གི་དུས་རིམ་གོང་མ་ལས་ཆེས་སྔ་བའི་དུས་རིམ་གྱི་རི་མོ་ཡིན་པ་ནི་བློ་སྤོབས་ཆེན་པོ་སྒོ་ནས་བཤད་ཐུབ་པ་ཡིན་གསུངས་པ་དང་། བྲག་རྐོས་ཀྱི་རི་མོ་དེ་ལ་ཤྭ་བ་དང་རྒྱ་སྟག་གི་གཟུགས་རིས།  རི་དྭགས་རྔོན་པའི་འདྲ་རིས།  ཁྱུང་ཆེན་གྱི་གཟུགས་གྱད་མི་སྟོབས་ཆེན་གྱི་གཟུགས་རིས་སོགས་བཀོད་ཡོད་པས།  དེ་དག་ནི་ཡ་ཐོག་གི་མི་རྒྱུད་མཚོན་དོན་དང་དེ་འབྲེལ་དངོས་པོ་རྣམས་ལ་རང་བཞིན་གྱི་ནུས་ཤུགས་མཚོན་རྟགས་སུ་བཀོད་པ་ཞིག་ཡིན་པ་ཤིན་ཏུ་ནས་ཀྱང་སྲིད་ཅེས་གསུངས་ཤིང་།   དེང་དུས་ཚན་རིག་གི་སྒོ་ནས་ཞིབ་འཇུག་བྱས་པའི་ལོ་རྒྱུས་ཀྱི་འབྲས་བུ་རིང་ཤོས་དེ་ཡ་ཐོག་དུས་རིམ་གོང་མ་སྟེ།  མི་ལོ་ཁྲི་བཞི་ལྔའི་ཡར་སྔོན་ནས་རི་མོའི་སྒྱུ་རྩལ་གྱི་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་གཏན་ཁེལ་བྱས་ཡོད་ལ།  དེ་མིན་ད་དུང་གནའ་བོའི་བྲག་རྐོས་ལྡེབས་རིས་མང་ཤོས་ཤིག་ལ་ཐང་བོད་རིག་གནས་རྒྱུ་ལམ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་

སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས། འབིས་ཁོག་ཅེས་པའི་ལུང་པ་དེར་ཐང་ཐེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་བཙན་པོའི་བཙུན་མོར་ཐོག་མར་རྒྱུད་པའི་ལམ་བར་སྒར་བབས་ནས་གནས་དེར་བྲག་གི་ལྡེབས་ངོས་སུ་བཞེངས་པའི་དེང་དུས། འཛམ་གླིང་གི་ཡུལ་སྐོར་བ་རྣམས་ཁ་ལོར་བསྒྱུར་ཞིང་དད་པའི་ཞིང་སའམ་རྟེན་སྐལ་དུ་གྱུར་ཅིང་། ལོ་རྒྱུས་དང་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་རྒྱལ་བའི་མཆོད་སྡོང་རྣམ་སྣང་ཆེན་མོ་གངས་ཆེན་མཚོ་ལ་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་སྐུ་བྲག་ལྡེབས་ངོས་བཞེངས་ཡོད་པ་ནི། སྐབས་དེའི་བཟོ་རིག་པའི་རི་མོའི་སྒྱུ་རྩལ་གྱི་ལམ་ནས་འབུར་བརྐོས་བྱས་ནས་བཞེངས་ཡོད་པ་དང་།  གཞན་ཡང་བྲག་ངོས་དེར་མདོ་ཕལ་པོ་ཆེ་ལས་བྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་། ཡུམ་ཆེན་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སོགས་རྒྱ་བོད་ཟུང་གི་ཡི་གེའི་གཟུགས་སུ་གསུང་རྟེན་དུ་བསྐོས་ཡོད་པ་དང་།   དེ་བཞིན་དུ་མཆོད་རྟེན་དང་རྡོ་རྗེ་སོགས་ཐུགས་རྟེན་དང་།  གཞན་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་།  རྗེ་བཙུན་སྒྲོལ་མའི་སྐུ་སོགས་བྲག་ལྡེབས་དེའི་ངོས་སུ་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་སྐོས་རིས་སུ་དེང་དུས་གསལ་པོ་མཇལ་རྒྱུ་ཡོད་པ་དེ་དག་ལ་བརྟག་ན་ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་རི་མོའི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པར་བདེན་དཔང་བྱེད་ཐུབ་ལ།  ཁམས་ལྡན་ཡུལ་ཟིལ་དཀར་དགོན་པའི་ཉེ་འདབས་སུ་རྡོ་ཆས་རྙིང་པའི་དུས་རིམ་སྐབས་ཀྱི་བྲག་རིས་དང་ཆ་འདྲ་བའི་བྲག་ལྡེབས་ཀྱི་ངོས་སུ་རི་དྭགས་ཤྭ་བའི་གཟུགས་ཀྱི་བྲག་རིས་དང་།  ཉེ་བའི་སྲས་ཆེན་བརྒྱད་ཀྱི་བྲག་ངོས་ཀྱི་ལྡེབས་སྐུ་དང་།  རྒྱ་བོད་གཉིས་ཀྱི་གནའ་བོའི་ཡིག་རིགས་སོགས། བྲག་ངོས་བྲིས་པའི་གནའ་བོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རི་མོ་ངོ་མཚར་ཅན་མང་པོ་ཡོད་པའི་རིག་གནས་ཀྱི་རྗེས་ཤུལ་དེ་དག་ གིས། བོད་མི་རིགས་ཀྱི་རིག་གནས་ཀྱི་རྗེས་ཤུལ་དང་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པོ་ཡོད་པར། ཚད་མཐོན་པོའི་སྒོ་ནས་ཡིད་ཆེས་དང་གདེང་འཇོག་བརྟན་པོར་བྱེད་ཐུབ་ལ།    ཁམས་ཁུལ་འདིའང་སྔ་གཞུགས་གཉིས་སུ་བྱུང་བའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་བྲག་རིས་སམ་བྲག་རྡོའི་ལྡེབས་རིས་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་མོད།  རང་གིས་མཐོས་ཐོས་སུ་གྱུར་པའི་ཡ་མཚན་ཅན་གྱི་གནའ་བོའི་རི་མོའི་རྗེས་ཤུལ་འཚོལ་རྙེད་བྱུང་བའི་རིགས་ལ།  རྔ་བ་ཁུལ་ཆུ་ཆེན་རྫོང་ཨ་ཁོ་རིས་ཡུལ་ཤོག་ཏུ་ཆེས་ངོ་མཚར་ཆེ་བའི་གེ་སར་སྐོར་གྱི་རྡོ་བརྐོས་རི་མོ་ཁག་གཉིས་གསར་རྙེད་བྱུང་བའི་ནང་།  ཨ་ཁོ་རིས་ཉི་ཤར་དགོན་པའི་ཀླད་ཀྱི་རི་སྐེད་སྒྲུབ་ཕུག་ལུང་པའི་ཉེ་འགྲམ་དུ་ཡོད་པའི་རྡོ་བརྐོས་རི་མོ་མང་ཆེ་བ་རྣམས་ལ་ཉི་མ་ཕོག་ནས་སྔར་གྱི་ཚོན་མདོག་ཕལ་ཆེར་དང་མི་དང་ཆིབས་པའི་མིང་རྣམས་ཡལ་བར་སོང་ན་ཡང་།  སྐོས་རིས་རྣམས་ད་དུང་ཉམ་གུད་ཆེར་མ་སོང་བར་བཞུགས་ཡོད་པ་དང་།  དགོན་པ་དེའི་འདུ་ཁང་ཐོག་བརྩེགས་གཉིས་པའི་ནང་ཉར་ཚགས་བྱས་པའི་གླིང་གི་དཔའ་བཏུལ་སུམ་བཅུའི་རྡོ་བསྐོས་རི་མོ་དེ་དག་ལ་ལོ་རྒྱུས་ཀྱི་རྒྱང་ཐག་ཆེས་ཉེ་ན་ཡང་རི་མོའི་ཉམས་དང་ཚོན་མདངས་ཀྱི་སྒྱུ་རྩལ་ལ་ཐུན་མིན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་ཡོད།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། སྐད་གྲགས་ཅན་གྱི་གེ་སར་རིག་པ་སྨྲ་བ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གསར་དུ་རྙེད་པའི་གེ་སར་སྐོར་གྱི་རྡོ་བརྐོས་ཀྱི་པར་རིས་དེ་དག་མཐོང་རྗེས།  ཐེངས་འདི་གསར་དུ་རྙེད་པའི་ཨ་ཁོ་རིས་གེ་སར་རྡོ་བརྐོས་ཚོན་རིས་ཅན་ནི་སློབ་དཔོན་དབྱང་ཅ་མིང་གིས་2000ལོར་དཀར་མཛེས་ཁུལ་རོང་བྲག་རྫོང་མ་ཧཱ་ས་གནས་ནས་རྙེད་པའི་གེ་སར་སྒྲུང་གི་མི་སྣའི་རྡོ་བརྐོས་རི་མོའི་རྗེས་ཀྱི་རྔ་བ་ཁུལ་གྱི་ཁོངས་སུ་ཐེངས་དང་པོ་གེ་སར་སྐོར་གྱི་རྡོ་བརྐོས་འབོར་ཆེན་རྙེད་པ་རེད་ལ།  དེ་ལ་ཞིབ་འཇུག་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པར་མ་ཟད།  རྒྱལ་སྤྱིའི་གེ་སར་རིག་པའི་ཞིབ་འཇུག་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་གསར་པ་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད་ཅེས་གསུངས།  གཞན་ཡང་སི་ཁྲོན་སློབ་གྲྭ་ཆེན་མོའི་གནའ་དཔྱད་རིག་པའི་ཀྲུའུ་རེན་ལི་ཡོན་ཞན་གྱིས་བསྟན་དོན། བོད་ལྗོངས་ཀྱི་བྲག་བརྐོས་རི་མོ་མང་པོ་ཞིག་ནི་ལྕགས་ཆས་ཀྱི་ཡོ་བྱད་སྤྱད་དེ་བྲིས་པར་སྣང་ལ། བྲག་བརྐོས་རི་མོའི་ཁྲོད་སྣང་བའི་རྔོན་པས་གྲི་བཏགས་པ་དང་མདའ་སོགས་ལྕགས་ཆས་ཀྱི་མཚོན་ཆ་བཏགས་ཡོད་པ་རེད། དེ་ལས་བོད་ལྗོངས་སུ་ད་ལྟའི་བར་ལོ་ངོ་སྟོང་གསུམ་ཡས་མས་སུ་ཅུང་འཐུས་ཚང་བའི་ལྕགས་ཆས་ཀྱི་མཚོན་ཆ་རྣོན་པོའི་རིགས་བྱུང་ཡོད་པ་མཚོན། བྲག་བརྐོས་རི་མོ་ལས་ཕྱུགས་ལས་ཀྱི་འཕེལ་ཁ་ཅུང་དར་བའང་མཚོན་ཏེ། རི་མོ་ལས་ཕྱུགས་ར་དང་ཕྱུགས་ཟོག་བཤའ་བའི་སྣང་བརྙན།  ཕྱུགས་འཚོ་སྐྱོང་གི་རྣམ་པ་སོགས་ཡོད་པ་རེད། བོད་ལྗོངས་ནུབ་ཕྱོགས་ཀྱི་བྲག་བརྐོས་རི་མོའི་ཁྲོད་སྔ་རབས་བོན་ཆོས་དང་འབྲེལ་བའི་ནང་དོན་ཡང་མང་པོ་འདུག་པ་དང་། དེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་2000ནས་ལོ1000བར་བྱུང་བར་སྙམ་ཞིང་། བོད་ལྗོངས་བྱང་རྒྱུད་ཀྱི་བྲག་བརྐོས་རི་མོའི་ཁྲོད་ནང་བསྟན་དང་འབྲེལ་བའི་རིག་གནས་ནང་དོན་ཡང་མི་ཉུང་བ་ཞིག་འདུག་པས་བྲག་བརྐོས་རི་མོའི་རྒྱུན་བོད་བཙན་པོའི་དུས་སྐབས་བར་རྒྱུན་བསྐྱངས་པ་མཚོན་ནུས།  བྲག་བརྐོས་ལས་མངོན་པའི་སྲོག་ཆགས་ལས་ཕག་རྒོད་དང་རྔ་མོང་ལས་གཞན་པའི་སྲོག་ཆགས་མང་ཆེ་བ་བོད་ལྗོངས་སུ་མཐོང་དུ་ཡོད་ལ། རྔ་མོང་སོགས་རི་མོར་བྲིས་པ་ནི་སྐབས་དེའི་མཐའ་མཚམས་མི་རིགས་བར་གྱི་ཚོང་ལས་དང་འབྲེལ་བ་ཡོད་པར་སྙམ།   བོད་ལྗོངས་ཀྱི་བྲག་བརྐོས་རི་མོ་ལ་སྔ་རབས་དང་བར་མ། མཇུག་མཐའི་དུས་རབས་བཅས་དུས་རིམ་གསུམ་དུ་དབྱེ་ཆོག་ལ། རྒྱ་གླིང་བྲག་བརྐོས་ནི་ཆེས་སྔ་བའི་བྲག་བརྐོས་རི་མོར་ངོས་འཛིན་ལ། བར་མའི་དུས་སྐབས་ཀྱི་བྲག་བརྐོས་རི་མོ་ནི་ནུབ་རྒྱུད་དུ་མང་བ་དང་། ཧ་ལམ་ལོ་ངོ་3000དང་2000བར་བྱུང་བ་རེད། དུས་རིམ་འདི་ནི་བོད་ལྗོངས་ཀྱི་བྲག་བརྐོས་རི་མོ་ཆེ་ཆེར་འཕེལ་བའི་དུས་སྐབས་སུ་ངོས་འཛིན། དུས་མཐའི་དུས་རིམ་གྱི་བྲག་བརྐོས་རི་མོ་ནི་གནམ་མཚོའི་འགྲམ་རྒྱུད་ཀྱི་བྲག་ཕུག་གི་རི་མོར་ངོས་འཛིན་གནང་ཡོད་པ་ཞིག་རེད།  བོད་ལྗོངས་ཀྱི་བྲག་བརྐོས་རི་མོ་མང་ཆེ་བ་ནི་དུས་རབས་20བའི་ལོ་40སྔོན་དུ་རྙེད་པ་ཡིན་ཞིང་། རྙེད་མཁན་མང་ཆེ་བ་ནི་བོད་ལྗོངས་སུ་རྟོག་ཞིབ་ཏུ་ཡོང་བའི་ཕྱི་གླིང་བ་ཡིན་པ་རེད། 

བྲག་བརྐོས་རི་མོའི་སྔ་རབས་དུས་སྐབས་ནི་བོད་བཙན་པོའི་སྔོན་གྱི་ལྕགས་ཆས་དུས་རབས་སུ་ངོས་འཛིན་ཞིང་། གཙོ་བོ་མངའ་རིས་དང་བོད་བྱང་ཐང་དུ་ཁྱབ་ཡོད། རི་མོའི་ནང་དོན་གཙོ་བོ་ལ་སྲོག་ཆགས་དང་མི་ཡིན་ཞིང་། གོ་རིམ་གསལ་བོ་མིན། བར་མའི་དུས་སྐབས་ཀྱི་བྲག་བརྐོས་རི་མོའི་གྲངས་ཀ་ཅུང་ཉུང་ཞིང་ནང་དོན་ཐད་གླག་དང་ཁྲུང་ཁྲུང་། ཕག་རྒོད། རྫ་ཆས་སོགས་ཀྱི་ནང་དོན་གསར་པ་བྱུང་བ་རེད། མཇུག་མཐའི་དུས་རིམ་ནི་བོད་བཙན་པོའི་སྐབས་དང་དེའི་རྗེས་ཀྱི་དུས་རིམ་ལ་གོ་ཞིང་། གཙོ་བོ་བྱང་ཐང་དང་བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ཡོད། ཁྱད་ཆོས་གཙོ་བོ་ནི་གྱོན་གོས་ཀྱི་སྟེང་ན་མངོན་པ་དང་། རི་མོའི་ཐིག་རིས་གསལ་ཞིང་ནང་དོན་ཐད་གོ་རིམ་ལྡན། བྲག་བརྐོས་རི་མོ་རྙེད་ཡུལ་གྱི་གནས་ཚུལ་ལྟར་ན། བྲག་བརྐོས་རི་མོ་མང་བོའི་ས་ཁུལ་ནི་ཕྱུགས་ལས་གཉེས་སའི་འབྲོག་པའི་ས་ཁུལ་ཡིན་པ་དང་། བྱང་ཐང་དུ་དེ་འབྲེལ་གྱི་རི་མོ་མང་པོ་ཡོད་པའང་དེའི་རྒྱུ་མཚན་རེད། གཞན་གདོད་མའི་ཆོས་ལུགས་ཀྱང་བྲག་བརྐོས་རི་མོའི་ནང་དོན་གཙོ་བོ་ཞིག་ཡིན་པ་རེད།  ད་དུང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཨ་ཚུར་ཤང་ནས་བྲག་བརྐོས་ཁ་ཤས་རྙེད་པ་གནའ་དཔྱད་མཁས་ཅན་སུའོ་ཡིས་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ཡིན་པའི་གསལ་འབྱེད་བྱས་ཡོད་པ་མ་ཟད་བྲག་གཡབ་རྫོང་ཨ་ཚུར་ཤང་བྱང་རྒྱུད་ཀྱི་སྤྱི་ལེ་8ཙམ་གྱི་སར་ཡོད་པའི་ལེ་ཆུ་དང་གསེར་ཆུ་གཉིས་འདྲེས་མཚམས་ཀྱི་ཨ་ཅོག་བྲག་སྣའི་སྨི་10ཙམ་ཡོད་པའི་བྲག་ལྡེབས་བཞིའི་ངོས་སུ་བརྐོས་ཡོད་པ་དང་། བརྐོས་རིས་ཀྱི་བང་སྒྲིག་ཨང་རྟགས་ལྷོ་ནས་བྱང་དུ་རིམ་པས་1ནས་9བར་ཡོད་པ་རེད། ལྷོ་སྣེའི་བརྐོས་རིས་ཨང་རྟགས་དང་པོའི་བྲག་ལྡེབས་ཀྱི་ཕྱི་ངོས་སུ་ཡོད་ཅིང་། བྲག་ལྡེབས་གཞན་གསུམ་པོར་ནང་གི་བྲག་ཕུག་ཏུ་ཡོད་པས་ཆར་རླུང་གི་གནོད་འཚེ་ཐེབས་པར་མི་འགྱུར་རོ།།  གནའ་ཤུལ་གྱི་བྲག་རྐོས་རི་མོ་དེ་དག་ལ་བརྟག་ཚེ་དུས་ཚོད་ཆེས་རིང་བ་རྣམས་ཆེད་མཁས་པ་དག་གིས་མི་ལོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་ངོས་འཛིན་གནང་ཡོད་ལ། དེར་བརྟེན་རང་རེ་བོད་མིའི་རི་མོའི་རིག་གནས་དང་འབྲི་སྲོལ་ནི་དེ་ལས་སྔ་བའི་ལོ་རྒྱུས་ལྡན་པ་ངོས་འཛིན་བྱེད་ཐུབ། དེ་ལས་གཞན་ཡང་བརྐོས་རིས་ཀྱི་རིགས་ལ་གོང་དུ་ཞུས་པ་ལྟར་རྡོ་ཆས་དང་རུས་ཆས་རྙིང་པའི་དུས་ཀྱི་རི་མོ་དང་། གསེར་དངུལ་དང་ཟང་རག་ཤིང་དང་རུས་པ་སོགས་ཀྱི་ངོས་སུ་བརྐོས་པའི་གནའ་ཤུལ་འཚོལ་རྙེད་བྱུང་བར་མང་ཡང་།  དེ་དག་གི་ནང་ཤིང་རྐོས་རི་མོའི་ལུགས་དེ་ནི་ཆེས་ཤིན་ཏུ་རྒྱ་ཆེ་རུ་སོང་བ་མངོན་ཏེ།  དཔེར་ན་དེང་དུས་སྡེ་དགེ་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་མོ་རུ་བཞུགས་པའི་བོད་ཀྱི་གནའ་བོའི་དམངས་སྲོལ་སྲོལ་རྒྱུན་རིག་གནས་སྤྱི་དང་།  བྱེ་བྲག་ཆོས་ལུགས་རིག་གནས་ཀྱི་སྐུ་གསུང་ཐུགས་རྟེན་སོགས་དང་།  ཐ་ན་སྒོ་དང་ཀ་བ་གདུང་མ་དང་ཐབ་ཀའི་ངོས་སོགས་ལ་སྲོག་ཆགས་དང་རི་མོས་རིགས་མཐའ་ཡས་པ་ཞིག་མཐོང་རྒྱུ་ཡོད་ལ།  དེའི་ནང་སྡེ་དགེ་པར་ཁང་ན་བཞུགས་པའི་ལྷ་པར་གྱིས་བརྐོས་རིས་དེ་དག་ལ་ལོ་རྒྱུས་ཀྱི་རྒྱང་ཐག་ཐུང་ན་ཡང་། 

སྒྱུ་རྩལ་དང་རི་མོའི་ཉམས་ས་སྟེང་ན་དཀོན་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་པ་ཡིན།  ད་དུང་རི་མོའི་ལོ་རྒྱུས་དང་འབྲེལ་བའི་གནའ་བོའི་རིག་དངོས་དང་བྲག་རིས་སོགས་གནའ་ཤུལ་ཆེས་མང་ཡང་ཡིག་ཚོགས་མང་བར་དོགས་པས་འདིར་བཀོད་པའི་ངལ་བ་མ་བྱས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1