རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི༼ལྷ་མོའི་འཁྲབ་གཞུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་༽ལས་གཞི་ལེགས་འགྲུབ་བྱུང་།

གསར་འགོད་པ། དོན་གྲུབ་ཆོས་སྒྲོན། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-29


ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི༼ལྷ་མོའི་འཁྲབ་གཞུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་༽ལས་གཞི་མཇུག་འགྲིལ་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ནོར་བུ་རྒྱལ་མཚན་དང་། རིམ་པ་དང་པོའི་རྩོམ་སྒྲིག་པ་ཡན་ཧྥུའུ་ཁྲང་། བོད་རིག་པ་མཁས་ཅན་དང་འབུམ་རམས་པའི་སློབ་དཔོན། དགེ་རྒན་ཆེན་མོ་དགེ་ལེགས་སོགས་ཐེངས་འདིའི་སྙན་ཞུ་ཚོགས་འདུར་ཕེབས།

རྒྱུས་ལོན་བྱས་པ་ལྟར་ན། ༼ལྷ་མོའི་འཁྲབ་གཞུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་༽ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་༢༠༢༣ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་ལས་གཞི་ཞིག་ཡིན་ལ། སྒྱུ་རྩལ་གསར་རྩོམ་དར་རྒྱས་ཕུན་སུམ་ཚོགས་པ་དང་། སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། བརྩམས་ཆོས་སྤུས་དག་གསར་སྐྲུན་དང་ཁྱབ་གདལ། སྒྱུ་རྩལ་བྱ་གཞག་བདེ་བླགས་ངང་ཡར་རྒྱས་གཏོང་བའི་ཆེད་དུ་སྤྱི་ཕན་རང་བཞིན་གྱི་ལས་གཞི་ཞིག་ཡིན་པ་རེད།

གསོ་སྦྱོང་ཐད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དམིགས་ཡུལ་དུ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་འཁྲབ་གཞུང་རྩོམ་འབྲིའི་ལག་ལེན་གཙིགས་སུ་བཟུང་བར་མ་ཟད། མི་རིགས་རིག་གནས་ལ་བརྩི་འཇོག་དང་ཡི་རངས་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཏེ། སློབ་མ་ཚོར་ལྷ་མོའི་འཁྲབ་གཞུང་རྩོམ་མཁན་གྱི་རྩོམ་འབྲིའི་ཐབས་རྩལ་དང་སྒྱུ་རྩལ་མིའི་རིགས་རིག་པ་དང་ཟློས་གར་རིག་པ་སོགས་རིག་ཚན་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སློབ་སྦྱོང་། དེ་མིན་བོད་ཀྱི་རིག་གནས་ལ་ཉམས་ཞིབ་གང་མང་བྱས་ནས། འཁྲབ་གཞུང་སྤུས་དག་རྩོམ་པར་ཆ་རྐྱེན་བསྐྲུན་ཡོད།

༢༠༢༣ལོའི་ཟླ་གསུམ་པར་ལས་གཞི་བཙུགས་ཚུན། དུས་རིམ་བགར་ནས་གོ་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཞིང་། ཟླ་བདུན་པའི་ཚེས་གཅིག་ཉིན་གསོ་སྦྱོང་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། དེ་རྗེས་གཅིག་སྡུད་ཐོག་ཟླ་ངོ་གཅིག་ལ་གཞུང་ལུགས་སློབ་ཁྲིད་དང་ཉིན་བཅུ་ལྷག་གི་ཡུལ་དངོས་བརྟག་དཔྱད་བྱས་ཤིང་། ཉིན་བརྒྱ་ལྷག་གི་གཅིག་བསྡུས་རྩོམ་འབྲི་བྱས་པ་བརྒྱུད།  བརྩམས་ཆོས་སུམ་ཅུ་ལྷག་ཐོན་ཡོད་ལ། ཆེད་ལས་དགེ་རྒན་གྱི་དཔྱད་དཔོག་བྱས་པ་བརྒྱུད་ཕུལ་བྱུང་འཁྲབ་གཞུང་གཉིས་བདམས་ཡོད། ཐེངས་འདིའི་ལས་གཞིའི་འཁྲབ་གཞུང་བརྩམས་ཆོས་དག་གཞི་གཅིག་ཏུ་བསྡུས་ནས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།

ཚོགས་འདུའི་ཐོག ལས་གཞིའི་ཚོགས་ཆུང་གི་འགན་འཁུར་པ་དབྱང་ཡུས་ཀྲའོ་ཡིས་ལས་གཞི་ལག་བསྟར་བྱས་ཚུལ་སྙན་སེང་འབུལ་བ་དང་། ལས་གཞིའི་རིག་གཞུང་བློ་འདྲི་དགེ་རྒན་ཆེ་མོ་བ་ནོར་བུ་རྒྱལ་མཚན་ལགས་ཀྱིས་ལྷ་མོ་ནི་རང་རྒྱལ་གྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པས་འབྱུང་འགྱུར་འཕེལ་རྒྱས་གཏོང་བར་དྲང་སྲུང་བྱེད་དགོས་པར་མ་ཟད་གསར་གཏོད་ཀྱང་བྱེད་དགོས་ལ། གཞོན་ནུ་ལོ་ཆུང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་དགོས་ཞེས་བཤད།

སྣེ་ཁྲིད་མཛུབ་སྟོན་པ་དགེ་རྒན་ཆེ་མོ་དགེ་ལེགས་ཀྱིས་ལས་གཞིའི་གྲུབ་འབྲས་གདེང་འཇོག་གང་ལེགས་གནང་བར་མ་ཟད། ལས་གཞི་ཚོགས་ཆུང་དང་སློབ་མར་རེ་བ་ནན་པོ་བཏོན་ཡོད། མཛུབ་ཁྲིད་དགེ་རྒན་ཡན་ཧྥུའུ་ཁྲང་གིས་ལས་གཞིའི་ཚོགས་ཆུང་གི་ལས་དོན་དང་སློབ་མ་ཚོར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་། ཁོང་གིས་ལོ་རབས་བརྒྱད་ཅུ་པ་ནས་བཟུང་ལྷ་མོར་བརྟག་དཔྱད་བྱས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱིས་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་། སྐྱ་ཟད་སྔོ་གཏུག་གི་ལྷ་མོའི་འཁྲབ་གཞུང་རྩོམ་པ་པོའི་ངོས་ནས་བརྗོད་ན་དུས་ཐོག་ཆར་པ་དང་འདྲ་བར་ལྷ་མོའི་འཁྲབ་གཞུང་རྩོམ་པ་པོ་དང་དེ་བཞིན་ལྷ་མོ་རང་ངོས་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འདུག་ཅེས་བཤད།

གཞན་ཡང་ད་ཐེངས་ཀྱི་སྙན་ཞུའི་ཚོགས་འདུའི་ཐོག གསེར་རྟའི་ཟློས་གར་ཚོགས་པ་དང་ལི་ཐང་གི་ལྷ་མོ་ཚོགས་པ།  ལྷོ་ནུབ་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཟློས་གར་འཁྲབ་སྟོན་ཚན་ཁག་སོགས་གདན་དྲངས་ནས་ཕུལ་བྱུང་འཁྲབ་ཚན་ཁག་གཅིག་འཁྲབ་སྟོན་བྱས།

ཐེངས་འདིར་གསོ་སྐྱོང་བྱས་པའི་སློབ་མ་ཉི་ཤུ་ཡིས་ལས་གཞི་མཇུག་འགྲིལ་རྗེས། ཁོ་ཚོས་རང་གི་ཆེད་ལས་རྒྱབ་ལྗོངས་དང་སློབ་སྦྱོང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། འབྱུང་འགྱུར་ལས་ཀའི་ཁྲོད་ནས་ལྷ་མོའི་འཁྲབ་གཞུང་རྩོམ་འབྲི་རྒྱུན་སྐྱོང་བ་དང་། ལྷ་མོའི་འཁྲབ་གཞུང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཁྱད་དུ་འཕགས་པའི་ལྷ་མོའི་འཁྲབ་གཞུང་རྩོམ་འབྲི་ཐུབ་པར་རེ་བ་དང་སྤོབས་པ་ཆེན་པོ་བཅངས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1