དར་མདོའི་གྲོང་ཁྱེར་ནི་རི་གསུམ་དང་ཆུ་བོ་གཉིས་ཀྱི་མདོར་ཆགས་ཡོད། ནུབ་ཕྱོགས་ཀྱི་རྒྱབ་རི་ལ་ཨ་ལ་འབོ་སྒང་ཞེས་འབོད་པ་སྤྱན་རས་གཟིགས་ཀྱི་གནས་རི། མི་ཉག་གི་ཡུལ་ན་རི་ལ་འབོ་ཞེས་འབོད་པ་མང་དུ་མཆིས། དཔེར་ན། མི་ཉག་གངས་དཀར་ལ་འབོ་གངས་དཀར། ར་ཏི་དགོན་པའི་རྒྱབ་རི་ལ་འབོ་རྩེ། རི་གཉིས་ཀྱི་བར་ལ་འབོ་གཉིས་ནང་། རི་མང་གནས་ལ་འབོ་ཡུལ་གཤིས་ཞེས་འབོད་པ་སོགས་སོ། །
བྱང་ཤར་གྱི་གཡོན་རི་ལ་འཛོམས་བྲག་ཅེས་འབོད་པ་ཕྱག་ན་རྡོ་རྗེའི་གནས་རི། རི་དེ་མཐོ་ཞིང་བརྗིད་ཆགས་ཤིག་ཡིན་ནོ། །ཤར་ལྷོའི་མདུན་རི་ལ་ལྷ་མོ་རྩེའམ་ལ་མོ་རྩེ་ཞེས་འབོད་པ་འཇམ་དབྱངས་ཀྱི་གནས་རི། རི་དེའི་རྩེ་ནི་གངས་དང་མཚོ་ཁ་དོག་སྣ་ལྔས་བརྒྱན་པ། རི་སྐེད་དང་རི་འདབས་ལ་ཤིང་ནགས་སོགས་ཀྱིས་བརྒྱན་པ་ཞིག་ཡིན་ནོ། །རི་དེར་བོན་གྱི་ལྷ་མོ་མཆེད་བརྒྱད་གནས་པས་ལྷ་མོ་རྩེ་ཞེས་མིང་བཏགས། བེེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་སོགས་ནས་དར་མདོར་ཕེབས། གནས་དེར་སྒྲུབ་པ་མཛད། བོན་གྱི་ལྷ་མོ་མཆེད་བརྒྱད་དམ་ལ་བཏགས། ལྷ་མོ་མཆེད་བརྒྱད་ལ་བསང་ཡིག་མཛད། དུས་རབས་བཅུ་བཞི་པའི་ནང་བྱོན་པའི་མི་ཉག་འཇམ་དབྱངས་གྲགས་པ་གནས་དེར་སྒྲུབ་པ་ཡུན་རིང་མཛད་ནས་བཞུགས།
རྒྱུག་ཆུ་ཆེན་པོ་གཉིས་ཡོད་པ་ལས། ལྷོ་ཕྱོགས་འབོ་གངས་དཀར་གྱི་རི་རྒྱུད་སོགས་ནས་འབབ་པའི་ཆུ་བོ་ལ་གངས་ཆུ་ཞེས་འབོད་པ། ཆུ་བོ་དེ་དར་མདོའི་གྲོང་དཀྱིལ་ནས་རྒྱུ་ཞིང་། བྱང་ཕྱོགས་བཞག་སྦྲ་དང་དམུ་འོད་མཚོ་སོགས་ནས་འབབ་པའི་ཆུ་བོ་ལ་གཡག་རྭ་ཆུ་ཞེས་འབོད་པ། ཆུ་བོ་དེ་དར་མདོའི་གྲོང་གི་བྱང་མཐའ་ནས་རྒྱུ་ཞིང་། ཆུ་བོ་གཉིས་པོ་འཛོམས་བྲག་རི་བོའི་མདུན་ནས་འདུས་ཏེ་ཤར་ཕྱོགས་སུ་རྒྱུ་བའོ། །
རང་བྱུང་གི་ཚ་ཆུ་ནི། དེའང་དར་མདོ་གྲོང་ནས་བྱང་གི་མཚམས་ན་ཚ་ཆུ་ཞིག་ཡོད། ཚ་ཆུ་དེ་ལ་བུལ་ཅུ་ཚ་ཆུ་ཞེས་འབོད། གྲོང་ནས་ལྷོ་ཡི་མཚམས་ན་ཚ་ཆུ་གཉིས་ཡོད། ཚ་ཆུ་དེ་གཉིས་ལ་བར་ལུང་ཚ་ཆུ་ཞེས་འབོད། དེ་ནས་སྤྱི་ལེ་གཅིག་གི་མཚམས་ན་ཚ་ཆུ་གཉིས་ཡོད། ཚ་ཆུ་འོག་མ་ལ་བྲག་ཞབས་ཚ་ཆུ། ཚ་ཆུ་གོང་མ་ལ་རྫ་སྒང་ཚ་ཆུ་ཞེས་འབོད། གྲོང་ནས་ལྷོ་ནུབ་ཀྱི་མཚམས་ན་ཚ་ཆུ་ཞིག་ཡོད།ཚ་ཆུ་དེ་ལ་ལྕེ་ཐོག་ཚ་ཆུའམ་བྱ་ཁྱུང་ཚ་ཆུ་ཞེས་འབོད་པ་བཅས་ཚ་ཆུ་མང་དུ་གནས་སོ། །