དྲང་བདེན་ལ་སྣང་ཆུང་བྱས་ནས་དོན་དངོས་ལ་བསྙོན་འདིང་མཁན་དེ་ང་ཡིན། ངས་གྲགས་འགུལ་ཅི་ཡང་མེད་པའི་སྒོ་ནས་མི་གསོན་པོ་ཞིག་ཐལ་བའི་རྡུལ་བཞིན་བརླག་ནུས་ལ། ངས་མི་སྙིང་ཚལ་བར་གཤགས་ཏེ་ཚེ་སྲོག་ཀྱང་སྐད་ཅིག་དེ་ཉིད་ལ་ལྷག་ལུས་མེད་པར་འཇོམས་ཐུབ། གཡོ་སྒྱུ་ཆེ་ལ་གདུག་རྩུབ་ལྡན་པ་ནི་ངའི་ངོ་བོ་དྲི་མ་མེད་པ་དེ་ཡིན་པས། ལོ་ཚོད་ཇེ་རུ་འཕར་བའི་འགྲོས་དང་བསྟུན་ནས་ངའི་སྟོབས་ཤུགས་ཀྱང་ཇེ་རྒྱས་ཇེ་དྲག་ལ་འགྱུར་བཞིན་ཡོད། མིའི་རིགས་ཀྱིས་ང་རང་ཇི་ཙམ་བེད་སྤྱད་པ་དེ་ཙམ་གྱིས་ཁོ་ཚོས་ང་ལ་བཅངས་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་ཐུབ། ང་ནི་དུས་རྒྱུན་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་ཀློང་ན་རླུང་བུ་བཞིན་གསོན་སྟོབས་ཀྱིས་རྒྱུ་བཞིན་ཡོད་ཅིང་། འཚོ་བའི་ཁྱབ་ཁོངས་གང་སར་ངའི་གཟུགས་བརྙན་གྱིས་བཀང་ཡོད་པས། ང་ལ་རྐྱེན་བྱས་ཏེ་གནོད་པ་ཕོག་མཁན་ཚོས་ང་ལ་ཡ་ལན་སྤྲོད་བསམ་པ་ནི་ངལ་བའི་རྒྱུ་ལས་མ་འདས། མི་རྣམས་རང་ཉིད་ཀྱི་བདེ་འཇགས་ལའང་འགན་ལེན་ཁག་ཐེག་མེད་ས་ན། ང་ལ་གནོད་པ་ཏིལ་འབྲུ་ཙམ་ཡང་གཏོང་བའི་གླགས་ཡེ་ནས་མེད་དེ། རྒྱུ་མཚན་ང་ལ་བརྡ་སྦྱར་ནས་མཚོན་ཐུབ་པའི་མིང་མེད་པ་མ་ཟད། ད་དུང་ང་རང་སྒྱུ་འཕྲུལ་མཁན་པོ་ནང་བཞིན་ཆ་ལུགས་འདྲ་མིན་སྣ་ཚོགས་ལ་སྦྲུལ་སྒྱུར་བྱས་ཆོག
ངའི་རྗེས་སུ་ར་མདར་ཡོང་བསམ་པ་ནི་དཔེ་མི་སྲིད་པ་ཞིག་ཡིན་ལ། ཁྱོད་ཀྱིས་ངའི་རྐང་རྗེས་ཇི་ཙམ་འབད་པས་བཙལ་བ་དེ་ཙམ་གྱིས་ངའི་རྐང་རྗེས་རབ་རིབ་མག་མོག་དང་ཡ་ཡོ་གྱ་གྱུ་ལྟ་བུར་གྱུར་འགྲོ ང་ནི་གྲོགས་མེད་ཁེར་རྐྱང་ཡིན་པས་གར་འགྲོ་གར་འདུག་ལ་རང་དབང་ཆེ་བར་མ་ཟད། ངས་རང་གི་ཁ་རྗེ་དབང་ཐང་དང་རླུང་རྟ་རྒུད་གྱིན་པ་ཚོར་མ་ཐག་དེ་འཕྲལ་རྣམ་པ་གཞན་ཞིག་ལ་འཕོ་བ་གྲོང་འཇུག་ལྟ་བུ་བྱེད་ཐུབ།
ངས་དུས་རྒྱུན་སྲིད་གཞུང་མགོ་རྟིང་སློག་རྒྱུ་དང་བཟའ་ཚང་ཁ་གཏོར་གཏོང་རྒྱུའི་བགྱི་བ་འབའ་ཞིག་ཕྲག་སྟེང་ལ་རྩོལ་མེད་སྒོས་དང་དུ་བླངས་ཡོད། ང་ལ་རྐྱེན་བྱས་ཏེ་མི་ལ་ཤས་ཀྱི་ལག་ནས་བྱ་བ་ཤོར་ཡོད་པ་དང་ལ་ཤས་ཀྱིས་གཉིད་འཕྲོག་ཟས་བརྗེད་ཀྱི་ན་ཟུག་མྱོང་བཞིན་ཡོད། རེ་དོགས་ནི་ང་ལས་སྐྱེས་ལ། སེམས་ཁྲལ་དང་སྡུག་བསྔལ། སྐྱོ་དུབ་མ་ལུས་ཀྱང་ང་ལས་བྱུང་། ཉེས་མེད་ཚུལ་ལྡན་གྱི་མི་རྣམས་ང་ལ་རྐྱེན་བྱས་ཏེ་བཞིན་རས་སྐམ་རིད་དུ་གྱུར་ནས་གླེང་འགེལ་གྱི་ངུ་སྐད་དང་གཉོམ་སྐད་འཕྲལ་འཕྲལ་འབྱིན། དོན་དངོས་སུ་ང་ཡང་གཞོམ་གཞིག་གཏོང་ཐབས་མེད་པ་ཞིག་གཞར་ཡང་མིན་ལ། ང་རང་ཕམ་པར་རྒྱག་རྒྱུ་ནི་ཧ་ཅང་ལས་སླ་མོའི་ལས་དོན་ཞིག་སྟེ། ཁྱེད་རང་ང་དང་རྒྱང་དུ་གྱེས་ནས་ཁྲེད་དགོད་བྱེད་པ་ལས། ང་ལ་སྣང་དོགས་ཅི་ཡང་མ་བྱས་ན་དེས་འཐུས།
དོན་དམ་ང་ནི་སུ་ཞིག་ཡིན་ནམ། ངས་ཀྱང་རང་ཉིད་སུ་ཡིན་གསལ་ཐག་ཆོད་པ་ཞིག་བཤད་མི་ཤེས་ནའང་། མི་ཚང་མས་རྟག་པར་ང་ལ་མི་ཁ་ཞེས་འབོད་དོ། །