༄༅།།ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས།

ཀརྨ་རྒྱལ་མཚན་གྱིས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ནས་གསར་དུ་སྤེལ། སྤེལ་དུས། 01-12


ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་ཏེ་རྟའུ་པ་སྨད་སྣག་རྡོའི་སྤྱི་གླིང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་པ་སྨད་གྲོང་རྡལ་གྱི་ཤར་ལྷོའི་མཚམས་ཀྱི་མཁར་དམར་དང་། གྲོང་འགོ་གྲོང་སྡེ་གཉིས་ཀྱི་བར་དུ་གནས་ཤིང་། པ་སྨད་གྲོང་རྡལ་ནས་ལམ་བར་སྤྱི་ལེ་6ཙམ། རྟའུ་རྫོང་སྲིད་གཞུང་ལྟེ་གནས་ཕྱག་རུ་གྲོང་རྡལ་ནས་ལམ་ཐག་སྤྱི་ལེ་84ཙམ། དཀར་མཛེས་ཁུལ་སྲིད་གཞུང་གི་ལྟེ་གནས་དར་རྩེ་མདོ་ནས་ལམ་ཐག་སྤྱི་ལེ་130ཙམ་ཡོད། གླིང་གའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་5དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3500ལྷག་མཆིས། འདི་ནི་དཀར་མཛེས་ཁུལ་དང་རྟའུ་རྫོང་གི་ཡུལ་སྐོར་ལས་རིགས་གསར་སྤེལ་བྱ་བའི་ཆེས་མཛེས་པའི་ལྗོངས་རྒྱུ་གཙོ་བོའི་གྲས་ཤིག་ཡིན་ལ། མིག་སྔར། རྒྱལ་ཁབ་ཀྱི་Aབཞི་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན། སྔོན་གྱི་པ་སྨད་གསེག་རྡོའི་ནགས་ཚལ་ཟེར་བ་དེ་2017ལོར་སྣག་རྡོའི་སྤྱི་གླིང་ཞེས་པའི་མིང་དུ་བསྒྱུར་བས་སྙན་གྲགས་ཇེ་ཆེར་གྱུར། འདིར་སྣག་རྡོ་ཞེས་པ་ནི་རྡོ་མདོག་ཡི་གེ་འབྲི་བྱེད་དང་པར་འདེབས་བྱེད་ཀྱི་སྣག་ཚའི་མདོག་དང་འདྲ་བར་བརྟེན་ནས་བཏགས་པའི་མིང་ཡིན།

སྣག་རྡོའི་སྤྱི་གླིང་འདི་དཀར་མཛེས་ཁུལ་དང་རྟའུ་རྫོང་གིས་ཡུལ་སྐོར་མཛེས་ལྗོངས་སུ་གསར་འབྱེད་མ་བྱས་པའི་སྔོན་དུ་དེར་ཆགས་པའི་མི་སེར་གྱིས་ས་ཆ་དེར་མཁར་དམར་གསེག་ལུང་ཞེས་ཟེར་གྱི་ཡོད། གསེག་མ་ནི་རྡོ་དང་བྱེ་མ་འདྲེས་པའི་ས་མྱགས་སམ་ས་ཚི་ཅན་ལ་གོ་ཞིང་འདི་མདོག་སྔོ་སྐྱ་ཚི་དམ་པོ་ཆར་སིམ་འགོག་པའི་ནུས་པ་ཧ་ཅང་བཟང་བའི་ས་ཞིག་ཡིན། ས་མདོག་སྔོ་སྐྱ་ཡིན་པས་མི་སེར་ཚོས་ས་དེའི་མིང་ལ་ས་སྔོན་ཞེས་ཟེར། དེར་ཆར་ཆུ་སའི་ནང་དུ་ཐིམ་མི་ཐུབ་པ་དམ་ཚི་ནུས་པ་དམིགས་བསལ་ལྡན་པས། མཁར་དམར་དང་། གྲོང་འགོ །ཆུ་བར་གྲོང་སྡེ་སོགས་ཀྱིས་སྡོད་ཁང་གི་ཐོག་ཏུ་བླུག་རྒྱུའི་ཁང་ས་ཡག་ཤོས་ཤིག་ཡིན་ཏེ་ཁང་ས་ཞིང་ས་སའི་དགེ་ཞེས་པ་ལྟར་ཁང་ས་བཟང་པོ་ཞིག་ཏུ་བརྩིས་ནས་ཕ་ཚེ་བུ་རིང་དུ་བེད་སྤྱོད་བྱས་པ་རེད། ཡང་ས་ཚི་ཅན་གྱི་ས་སྔོན་དེ་འབྱུང་བཞིའི་བྱེད་ལས་ཀྱི་སས་འཛིན་པ་དང་། ཆུས་སྡུད་པ་དང་། མེས་སྨིན་པ་དང་། རླུང་གིས་རྒྱས་པ་ལྟར་ས་གཤིས་འཁྲུགས་ཏེ་གས་སྲུབས་ཀྱི་རྐྱེན་པས་ས་ཟད་རྡོ་ཐུག་ལྟ་བུ་བྱུང་བར་རིམ་བཞིན་སྲ་ཞིང་མཁྲེགས་པའི་བྲག་དང་། རྫ་རྡོ། གཡའ་རྡོ་འདྲེས་མའི་གཟུགས་ཀྱི་ཕུང་པོ་ལ་རླུང་གིས་བསིལ་བ་དང་།

ཉི་མས་ཚིག་པ། ཆབ་ཀྱིས་རློན་ནས་དབྱིབས་འདྲ་མིན་སྣ་ཚོགས་གྲུབ་ལ། དེ་ལ་སིམ་པར་བྱེད་པའི་འོད་སྣ་ཚོགས་ཕོག་སྟེ་རང་བྱུང་གི་ཁ་དོག་སྣ་ཚོགས་སུ་འགྱུར་བའི་ཀྲུང་གོའི་མཐོ་སྒང་རྡོའི་ནགས་ཚལ་དུ་ཆགས་པ་རེད།

ང་ཚོས་སྣག་རྡོའི་སྤྱི་གླིང་ལ་རྒྱང་རིང་ནས་བལྟས་ན། རི་བོ་སོ་སོའི་རྩེ་མོ་མི་གཅིག་ཀྱང་། རི་རྒྱུད་བཤད་ན་རི་གཅིག་ཡིན་ཞེས་པ་ལྟར། སྤྱི་ལེ་གྲུ་བཞི་མ་ལྔའི་ངོས་སུ་དཔའ་ཉམས་ལྡན་པའི་དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་ནས་རུ་མཚོན་ནམ་མཁར་བསྒྲེངས་དང་མཚུངས་པ་དང་། ཤྭ་བ་དཀར་པོས་མཆོད་རྟེན་བརྒྱ་རྩ་ལ་རྒྱང་མཇལ་བྱེད་པ་དང་། སེངྒེ་དཀར་མོས་གཡུ་རལ་གསིག་ཅིང་གུས་འདུད་ཞུ་བ་དང་འདྲ་བ། ངང་པ་སེར་པོས་པད་མའི་གདན་སྟེང་དུ་སངས་རྒྱས་སྟོང་རྩ་མགྲོན་དུ་ཚོགས་པར། མེ་ཏོག་ཆུན་པོ་ཕུལ་ཏེ། མི་མཐུན་པ་མེད་པའི་སངས་རྒྱས་སྟོང་སྐུ་བསོད་ནམས་ཡངས་པའི་མགྲོན་དུ་བཀྲ་བ་ལྟ་བུ་དང་། ཐག་ཉེ་ནས་བལྟས་ཚེ་རི་དྭགས་གླིང་གའི་ནང་དུ་ཤྭ་བ་ཡུ་མོས་ཤྭའི་ཕྲུག་དེད་པ་དང་། སྟག་མོ་བྲག་ནས་མཆོང་བ། སྤྲེའུ་ཤིང་ལ་འཛེགས་པ། གསེར་ཉ་གྱ་གྱུ་འགྱུ་བ། ངང་པས་ཆུ་ཀྱལ་བ་བཞིན་དུ་རང་བྱུང་བཟོ་རྩལ་གྱི་གཟུགས་བརྙན་ཡིད་དབང་འཕྲོག་པའི་རྣམ་པ་འདྲ་མིན་སྣ་ཚོགས་མེ་ལོང་ནང་དུ་གཟུགས་བརྙན་ཇི་བཞིན་འཆར་བར་བྱེད་པ་ལྟར་མངོན་ཞིང་། མཐོང་བ་ཙམ་གྱིས་ཉམས་རེ་དགའ། དེ་ཕྱིར་བསམ་བཞིན་བློ་རེ་བདེ་ཞེས་པ་བཞིན་མིག་གིས་ལྟ་བས་མི་ངོམས་པའི་གསོན་ཉམས་ལྡན་ཞིང་ཡིད་འཕྲོག་པའོ། །

དེ་ལྟར་འབྱུང་བཞིའི་རྐྱེན་པའི་ཚན་རིག་གི་ཤེས་བྱ་ནི་སོ་སྐྱེ་རྣམས་ཀྱི་དྲན་ཤེས་ལས་རླུང་གིས་ཁྱེར་འགྲོ་བ་ལས་གང་ཡིན་ཚོད་མི་ཟིན་ཡང་། སྒྲ་འཛིན་རྣ་བས་ཐོས་པ་ལས། འདྲེན་བྱེད་མིག་གི་རིག་ན་དགའ། ཞེས་པ་ལྟར་ད་ལྟ་རང་རེ་རྣམས་ཀྱི་མིག་ལམ་དུ་མངོན་སུམ་མཐོང་བ་སྟེ། མཐོ་དམའ་ཆེ་ཆུང་རྣམ་པ་སྣ་ཚོགས་ཀྱི་གསེག་རྡོའི་ནགས་ལྗོངས་ནི་ལོ་གཅིག་ནང་གི་ནམ་ཟླ་དབྱར་དགུན་སྟོན་དཔྱིད་ལ་ལྗོངས་མདོག་མི་འདྲ་བ་དང་། ཉིན་ལྟར་དང་། ཉིན་གང་གི་སྔ་དགོང་བཅས་ཀྱི་དུས་ཚོད་མི་འདྲ་བ། ཁྱད་པར་དུ་གནམ་ངོ་དྭངས་བའི་སྐབས་དང་། ཁ་ཆར་འབབ་པའི་སྐབས། ཁ་ཆར་བབས་ཟིན་པའི་རྗེས་སྨུག་པ་འཁྲིགས་པའི་སྐབས། ཉི་མ་ཤར་ནུབ་སོགས་གནམ་གཤིས་འགྱུར་བའི་རྐྱེན་གྱིས་གསེག་རྡོའི་ནགས་ཀྱི་ཁ་དོག་ཡང་འདྲ་མིན་སྣ་ཚོགས་སུ་འགྱུར་བ། དཔེར་ན་དགུན་དཔྱིད་གཉིས་ཀྱི་སྐབས་སུ་ནོར་འཛིན་སྒེག་མོར་ཨིནྡྲ་ནཱི་ལའི་གོས་ཀྱི་ལེགས་པ་བཀླུབས་པ་འདྲ་བ་དང་། ཞོགས་པའི་ཉི་མ་འཆར་ཁ་དང་དགོང་མོའི་ཉི་མ་ནུབ་མཚམས་སུ་གསེག་རྡོའི་ཁྱོན་ཀུན་པདྨ་རཱ་གའི་ཞུན་མའི་ཁུ་བ་བྱུགས་པ་འདྲ་བ། ཉིན་གུང་ཉི་འོད་ཤས་ཆེའི་སྐབས་སུ་གསེག་རྡོའི་ནགས་མདོག་གཡའ་དག་པའི་མེ་ལོང་ལྟ་བུ་དུས་དང་གནམ་གཤིས་ཀྱི་འགྱུར་བས་གློག་འོད་དཀར་དམར་ལམ་ལམ་དུ་འཁྱུག་པ་སོགས་ནི་ཡུལ་སྐོར་སྤྲོ་གསེང་པའི་མིག་ལམ་དུ་ཆེས་མཚར་ཞིང་ཡིད་འཕྲོག་པར་འགྱུར།

རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པར་གཞིགས་ན། པ་སྨད་སྣག་རྡོའི་ནགས་ཚལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ནི། དབྱི་པིང་གི་ཁཱ་སི་ཐེ་རྡོའི་ནགས་ཚལ་གྱི་མཛེས་ལྗོངས་དང་འགྲན་ཟླ་བྲལ་ཞིང་། ཀོང་ཤིས་དང་། ཀུའེ་ཀྲོའུ། ཡུན་ནན་སོགས་ཀྱི་ས་ཆར་ཡོད་པའི་རྡོའི་ནགས་ཚལ་ལས་མི་དམན་པ་རེད་ཅེས་བསྟན་ལ། མིག་སྔར། པ་སྨད་སྣག་རྡོའི་ནགས་ཚལ་གྱི་ཡུལ་ལྗོངས་འདི་འདྲ་ནི་ཀྲུང་གོ་ལ་འདི་གཅིག་པུ་ལས་མེད་ཅིང་། འཛམ་གླིང་གི་ཁྱོན་ལའང་ཧ་ཅང་དཀོན་པོ་ཞིག་རེད། ཅེས་འཁོད་ཡོད་པ་རེད། འོན་ཀྱང་ཀྲུང་གོ་ལ་རྡོའི་ནགས་ཚལ་མང་པོ་ཡོད་པ་ལས། ཡུན་ནན་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་ལུའུ་ནཱན་རྡོའི་ས་གཤིས་སྤྱི་གླིང་དང་། བོད་ལྗོངས་མངའ་རིས་རྩ་མདའི་རྒྱ་ཆེ་ཞིང་ངོ་མཚར་འབུམ་དུ་ཐོན་པའི་ས་ཕུང་གི་ནགས་ཚལ། སི་ཁྲོན་དབྱི་པིང་ཝུན་ཤིན་རྫོང་གི་མཛེས་སྡུག་ལྡན་པའི་རྡོའི་ནགས་ཚལ་བཅས་དང་ཕན་ཚུན་བསྡུར་ན་པ་སྨད་སྣག་རྡོའི་ནགས་ཚལ་གྱི་རྒྱ་ཁྱོན་ཆུང་ཞིང་སྤྱི་ལེ་གྲུ་བཞི་མ་5ཙམ་ལས་མེད་ཀྱང་། འཛམ་གླིང་ཡུལ་གྲུ་གཞན་ལ་དེ་ལྟ་བུ་ཧ་ཅང་དཀོན་པོ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་ནི། བྲག་དང་། རྫ་རི། གཡའ་རི། སྤང་རི་སོགས་ཕྱོགས་གཅིག་ཏུ་འདྲེས་མའི་རྡོའི་ནགས་ཚལ་མཛེས་ཤིང་ཡིད་དུ་འོང་བའི་ལྗོངས་སུ་ཆགས་པ། དེ་ལ་རི་བོའི་བརྗིད་ཉམས་དང་། ནགས་ཀྱི་མཛེས་ཉམས། རྡོ་དབྱིབས་ཀྱི་མཚར་ཉམས། བྲག་གི་བརྗིད་ཉམས་བཅས་གཅིག་ཏུ་གྲུབ་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། དེའང་ལོ་གྲངས་ཁྲི་ཕྲག་དུ་མའི་སྔོན་གྱི་དུས་སུ་ས་གཤིས་འཁྲུགས་པའི་གས་སྲུབས་ཀྱི་གནོད་འཚེས་རྐྱེན་པས་གནམ་ས་འགྲེ་ལོག་བྱུང་སྟེ་བྲག་གས་པ་དང་། རྡོ་ཞུ་བ། རྫ་བསིགས་པ་བཅས་ཀྱི་སྣག་རྡོའི་ནགས་ཚལ་གྱི་བཤམ་སྟོན་ཁང་ཆེན་མོ་འདི་ཆགས་པ་ནི་ཕྱག་རུ་ཆུ་རྒྱུད་ཀྱི་ས་གཤིས་གས་སྲུབས(鲜水河断裂带)ཀྱི་གནོད་འཚེ་དང་། ཡང་ན་དུས་རབས་རིམ་བྱུང་གི་ས་འགུལ་ཆེན་མོ་བྱུང་བའི་ཤུལ་བཞག་ཡིན་པ། དེ་ལྟ་བུ་ས་ཆ་གཞན་དུ་མ་མཐོང་ཞེས་ས་གཤིས་རིག་པའི་མཁས་ཅན་དག་གིས་གསུངས། དེར་བརྟེན། ས་ཁམས་རིག་པའི་ཆེད་མཁས་པ་དང་ས་ཁམས་ཀྱི་ཤེས་བྱ་རྒྱུས་ལོན་བྱེད་མཁན་དག་ལ་མཚོན་ན་ནི་རྒྱ་མཚོའི་གླིང་དུ་མ་ཕྱིན་པར། ཡིད་བཞིན་ནོར་བུ་ག་ལ་རྙེད། ཅེས་པ་ལྟར་རྙེད་དུ་དཀའ་བའི་ས་གཤིས་ཆགས་འཇིག་དང་ས་འགུལ་གྱི་གནོད་འཚེ་ལ་ཞིབ་འཇུག་བྱ་བའི་བསླབ་དེབ་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པའོ། །

ཡུལ་སྐོར་ཐོན་ཁུངས་ལ་བལྟས་ན། སྣག་རྡོའི་སྤྱི་གླིང་འདི་ནི་2003ལོའི་ཟླ་དང་པོའི་ཚེས་10ཉིན་རྟའུ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཞིབ་དཔྱད་ཨུ་ལྷན་གྱིས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་མཆོག་ཏུ་གཏན་འབེབས་བྱས་པ་དང་། དཀར་མཛེས་ཁུལ་གྱི་སྤྱི་ལོ་2021ལོ་ནས་2030ལོའི་ཁྱོན་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དུ་རྟའུ་པ་སྨད་སྣག་རྡོའི་སྤྱི་གླིང་དང་། རོང་བྲག་གི་མཛེས་མའི་གྲོག་རོང་དང་། དར་མདོའི་དཔལ་ལྷ་སྒང་། ར་རྔ་ཁའི་མཛེས་ལྗོངས། ཉག་ཆུ་ཁའི་ཁམས་པའི་ཕོ་གསར་གྲོང་ཚོ་སོགས་མུ་འབྲེལ་བརྒྱུད་བསྐོར་གཅིག་གི་གྲས་སུ་བཀོད་ཡོད་པ་རེད།

དེ་ལྟར་སྣག་རྡོའི་སྤྱི་གླིང་ཡོད་སའི་ཡུལ་ལུང་དེར་རྩྭ་ཆུ་འཛོམས་ཤིང་སྐྱེ་དངོས་རིགས་ཤུག་པ་དང་། གླང་མ། སྟག་མ། སུ་རུ། སྤེན་མ། མཁན་དཀར། སྲོ་ལོ། ཨུཏྤལ། ལུག་མུར། ལྕུམ་རྩ། སུ་ཡུང་། རྫ་ཡུང་། དབྱར་རྩྭ་དགུན་འབུ་བཅས་སྨན་རྩྭ་སྣ་ཚོགས་སྐྱེ་ལ། ཁུ་བྱུག་དང་། ལྷ་བྱ་གོང་མོ། བྱ་ཝང་། གནའ་བ། གླ་བ། འཕྱི་བ། གཡི། སྤྱང་ཀི། ཝ་མོ་སོགས་བྱ་དང་རི་དྭགས་གཅན་གཟན་དུ་མ་རྩེད་འཇོ་བག་ཡངས་ཀྱི་དབྱིབས་སུ་གནས་ལ། །མཐའ་འཁོར་དུ་ཡངས་ཤིང་རྒྱ་ཆེ་བའི་ལུང་བསྟན་གེ་སར་རྩྭ་ཐང་དང་། ཤར་སྟོད་རྨ་རྒྱལ་སྤོམ་རའི་རི་རྒྱུད་བཞག་བྲ་ལྷ་རྩེ། རྒྱ་བོད་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དོན་སྙིང་ལྡན་པའི་མགར་ཐར་བྱམས་པ་གླིང་། གཉེན་སྒྲིག་སྲོལ་རྒྱུན་དང་ལུང་སྐད་ཐུན་མིན་ལྡན་པའི་འདྲ་པ་རོང་ཆེན་བཅས་དང་ཕན་ཚུན་རྟེན་རེས་བྱས་ནས་ཡོད་པས་སྣག་རྡོའི་སྤྱི་གླིང་གི་ཡིད་དབང་འཕྲོག་ཤུགས་དེ་བས་མངོན་གྱི་ཡོད་ལ། ངོ་མཚར་མིག་གི་ལྟད་མོའང་དེ་ལས་མཛེས་སྡུག་ལྡན་པའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1