མངའ་བདག་བཀའ་ཡི་བསྐུལ་མའི་ཕོ་ཉ་ཡིས། །
དཔའ་མཛངས་འཕྲུལ་གྱིས་སྐྱོན་པའི་ནང་བློན་དེས། །
གོང་མའི་ཁྲི་འཕང་འཕགས་མའི་ཞལ་སྐྱིན་ཞིག །
སྐྱེ་དགུའི་བདག་མོ་ཁབ་ཏུ་བླངས་ཞེས་གྲགས། །
བོད་ཤོག་བཟོ་སྟངས་ཀྱི་རིག་གནས་ཐོག་མར་ཇི་ལྟར་བྱུང་བའི་སྐོར།
དེ་ཡང་བོད་ཤོག་བཟོ་རྩལ་དང་རིག་གནས་ཀྱི་ཆུ་འགོ་ལྟ་བུ་དེ་ཐོག་མར་ཡུལ་གྲུ་གང་ནས་གང་ཟག་གང་གིས་ལག་རྩལ་ལས་འཁྲུངས་པ་དང་། བར་དུ་ཁོར་ཡུག་གི་ཁྱབ་ཁོངས་དང་འཕེལ་རྒྱས་ཀྱི་གོམ་སྟབས་ཇི་ལྟར་ཕྱིན་པ། ཐ་མ་ཕན་ཡོན་དང་གྲུབ་འབྲས་ཇི་ལྟར་ཐོབ་པ་སོགས་ཀྱི་སྒོ་ནས་བཤད་ན། སྤྱིར་རིག་གནས་ནི་འགྲོ་བ་མིའི་འཚོ་བའི་ཁྲོད་དུ་བསམ་པའི་ཟས་ཤིག་ཏུ་གྱུར་ཡོད་ལ། བྱེ་བྲག་ཏུ་བོད་ཤོག་གི་ཤོག་བཟོའི་ལག་རྩལ་འདིའང་རིག་གནས་ཀྱི་མ་ལག་ཆ་ཚང་ཞིང་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད། འདི་ལ་ལག་རྩལ་ལོ་རྒྱུས་ཀྱི་ཐོག་ནས་དུས་རབས་འདི་ནས་བྱུང་བ་རེད་ཅེས་ཁ་ཚོན་གཅོད་ཐུབ་པ་ཞིག་མིག་སྔར་གསལ་པོ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ཀྱང་། ཚོད་དཔག་བྱས་ན་སྔོན་བོན་གྱི་ཡིག་ཚང་རྣམས་སུ་བཤད་པ་ལྟར་བོན་པོའི་སྲིད་པ་སྤྱི་མདོས་སོགས་ཐོག་མར་དཔེ་རིས་སུ་ཕབ་པའི་ལོ་རྒྱུས་ལ་གཞིབ་ན་སྐབས་དེར་ཤོག་བཟོའི་ལག་རྩལ་དེའི་གོང་ནས་དར་ཡོད་པ་དཔོག་ཐུབ་ལ། དེ་ལྟར་ན་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་དུ་རིག་གནས་འདི་བྱུང་ཡོད་པའི་ལོ་རྒྱུས་མཐོང་ཐུབ་ཅིང་། གཞན་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་དང་མཛའ་འབྲེལ་གྱི་གསེར་ཟམ་ཐོག་མར་བཙུགས་པའི་འབྲེལ་ལམ་བཀའ་ཤོག་རྒྱ་ཡིག་ཐོག་བྲིས་ནས་བསྐུར་ཡོད་པའི་གནས་ཚུལ་འཁོད་པ་ལ་བརྟག་ན་སྐབས་དེར་བོད་དུ་ཤོག་བུ་བཟོ་བའི་ལག་རྩལ་དར་ཟིན་ཡོད་པར་རྟོགས་ཐུབ་པས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསམ་ཡས་སྒྲ་བསྒྱུར་གྱི་ལོ་ཙཱ་གླིང་གསར་དུ་བཙུགས་ནས་རྒྱ་གར་གྱི་ནང་ཆོས་བསྒྱུར་ཞུས་བྱེད་སྐབས་བློན་སྣ་ལས་རིགས་མི་འདྲ་བ་བཅོ་བརྒྱད་དུ་གྲགས་པའི་རྣམ་གྲངས་ལས་ཤོག་བུ་ཁ་དོག་མི་གཅིག་པ་དཀར་སེར་དམར་ལྗང་མཐིང་ནག་སོགས་མདོག་མི་འདྲ་བ་དང་། ཡུག་རིང་དང་ཡུག་ཐུང་སོགས་དབྱིབས་མི་འདྲ་བའི་བཟོ་རྩལ་ཕུན་སུམ་ཚོགས་ཤིང་དར་ཞིང་རྒྱས་པར་མ་ཟད་ཤོག་བུའི་བཟོ་རྩལ་གྱི་སྤུས་ཚད་སོགས་ཀྱི་བཀའ་རྒྱ་ཡོད་པ་བཞེད་ལ། དེ་ཡང་ཆོས་རྒྱལ་མཐིང་ཤོག་དང་གླ་རྩིའི་གན་ཤོག་ཅེས་པ་ནི། དེང་དུས་ཨེ་ཤ་ཡའི་དབུས་རྒྱུད་ལ་ཧ་ཅང་གྲགས་ཆེ་བའི་ཤོག་བུའི་གྲས་ཤིག་ཡིན་ཞིང་། སྐབས་དེར་བོད་ཤོག་གི་ཐོན་ཁུངས་ཡུལ་གྲུ་གཙོ་བོ་ནི་ཉང་ཀོང་དྭགས་གསུམ་ལས་དྭགས་པོ་སྟོད་སྨད་ཀྱི་ས་ཆ་དེ་དག་ཡིན་པར་བཤད། དེ་ཡང་གནའ་བོའི་བོད་ཤོག་གི་ཐོན་ཁུངས་མི་འདྲ་བའི་རིགས་བཅོ་ལྔ་ཙམ་ཞིག་བགྲང་རྒྱུ་ཡོད་པ་གྲགས་པའི་དང་པོ། སྐྱེམ་ཤོག་ཅེས། དྭགས་སྨད་སྐྱེམ་སྟོང་རྫོང་ནས་བཟོས་པའི་བོད་ཤོག་དེ་ཡིན་ལ། སྐྱེམ་སྟོང་གི་གཙང་ཆུ་ནི་ཤོག་གུ་བཟོ་བ་ལ་ཆུ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཆུའི་རིགས་ཤིག་ཡིན་པ་གྲགས། སྐྱེམ་སྟོང་གི་ཤོག་རྭ་ལ་ཡང་རིགས་མི་འདྲ་བ་གཉིས་ཡོད་པར་གྲགས་པའི་ནང་། ཤོག་རྭ་རྙིང་པའི་ཤོག་བུ་དེ་ལ་ཕྱག་ཤོག་ཅེས་སྤུས་ཚད་ཅུང་ཞན་པ་དང་། ཤོག་རྭ་གསར་པ་དེ་ལ་ལོར་ཤོག་ཅེས་འབོད་པས་རྒྱུ་སྤུས་གོང་དེས་བཟང་བར་བཤད། སྐྱེམ་ཤོག་འདིར་སྔོན་དགའ་ལྡན་ཕོ་བྲང་གི་དངུལ་ལོའི་ཤོག་པར་པར་གཞི་བེད་སྤྱོད་བྱེད་ཆོག་པའི་ཤོག་གུའི་རིགས་དེ་ཡིན་པས་དེ་ལ་གསང་ཤོག་ཀྱང་ཟེར་ལ། ཤོག་བུའི་ངོས་ལ་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཆུ་པར་གསང་བའི་སྒོ་ནས་འཇོག་ཡོད། གཞན་ཡང་སྐབས་དེར་སྦུག་དམ་གྱི་བཀའ་རྒྱ་བཀོད་པ་ལ་ཤོག་བུ་འདི་བེད་སྤྱད་པར་བྱེད་ཅིང་ཡོད། དྭགས་ཤོག་ནི་དྭགས་སྟོད་སྐུ་རབ་རྣམ་རྒྱལ་རྫོང་སོགས་ནས་བཟོས་པའི་ཤོག་བུའི་རིགས་ཤིག་ཡིན། ཀོང་ཤོག་ནི་པདྨ་བཀོད་ཀྱི་གནས་སུ་བཟོས་པའི་བོད་ཤོག་གི་རིགས་ཤིག་ཡིན། མང་ཡུལ་གུང་ཐང་སོགས་སུ་བཟོས་པའི་ཤོག་བུའི་རིགས་དེ་ལ་སྟོད་ཤོག་ཅེས་ཟེར། དེང་དུས་གཞིས་རྩེ་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་ཡོད་པའི་སྐབས་དེར་གཉའ་ནང་རྫོང་ནས་བཟོས་པའི་ཤོག་བུའི་རིགས་དེ་ལ་གཉའ་ཤོག་ཅེས་གྲགས། དེང་དུས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་སྤོ་བོའི་ཡུལ་ནས་བཟོས་པའི་ཤོག་བུའི་རིགས་དེ་ལ་སྤོ་ཤོག་ཅེས་གྲགས་པ་དང་། གཙང་ཤོག་ནི་གཙང་སྙེ་མོ་དང་ཤངས་སོགས་སུ་བཟོས་པའི་ཤོག་བུའི་རིགས་ཤིག་ཡིན། དེང་དུས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་གཙང་གི་སྙེ་མོ་རྫོང་ནས་སྐབས་དེར་བཟོས་པའི་བོད་ཤོག་ལ་སྙེ་ཤོག་ཅེས་འབོད། གཞན་ཡང་ཀོང་པོ་ཉི་ཁྲི་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་ཇོ་མོ་རྫོང་ནས་བཟོས་པའི་བོད་ཤོག་ལ་ཇོ་ཤོག་ཅེས་འབོད། ཀོང་པོ་ཞོ་ཁ་རྫོང་ནས་བཟོས་པའི་ཤོག་བུའི་རིགས་དེ་ལ་ཞོ་ཤོག་ཅེས་བཏགས་པ་དང་། སྐབས་དེར་ཆབ་མདོ་དང་བྲག་གཡབ་སོགས་སུ་བཟོས་པའི་ཤོག་བུའི་མིང་ལ་ཁམས་ཤོག་ཅེས་འབོད་པ་ཡིན། དེང་དུས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་མོན་ཡུལ་མཚོ་སྣ་ནས་བཟོས་པའི་ཤོག་བུའི་རིགས་དེ་ལ་མཚོ་སྣའི་ལས་ཤོག་ཟེར། དེང་དུས་བོད་ལྗོངས་འཕན་པོ་ལྷུན་གྲུབ་རྫོང་གི་མངའ་ཁོངས་ཀློ་པ་དཀར་ནག་ཁྲ་གསུམ་གྱི་ཡུལ་ནས་བཟོས་པའི་བོད་ཤོག་དེ་ལ་ཀློ་ཤོག་ཟེར། སྐབས་དེར་དཔལ་ལྡན་འབྲུག་ཡུལ་ནས་བཟོས་པའི་ཤོག་བུའི་རིགས་ལ་འབྲུག་ཤོག་ཅེས་འབོད་དོ། །དེ་ལྟར་དུས་ཡུན་རིང་པོ་ཞིག་གི་མིག་རྒྱང་ནས་བོད་ཀྱི་ཤོག་བུའི་རིག་གནས་དང་ལག་རྩལ་སོགས་ཕུན་སུམ་ཇེ་ཚོགས་དང་ཆ་ཚང་བ་ཞིག་དེང་གི་བར་རྒྱུན་འཛིན་བྱས་ཏེ་ཤུལ་བཞག་རིག་གནས་ལ་གསོན་ཤུགས་བསྣོན་བཞིན་ཡོད་པ་ནི་རིག་གནས་འདིའི་འབྱུང་ཁུངས་ཀྱི་ལོ་རྒྱུས་མཚོན་ཙམ་ཞུས་པ་ལགས་སོ། །
སྲོལ་རྒྱུན་སྲོག་གི་སྐུད་པ་ལ་རྒྱུས་པའི། །
གསར་གཏོད་རིག་པའི་ནོར་ཕྲེང་སྤེལ་བ་ཡིས། །
དུས་རབས་གསར་པའི་འོད་སྣང་མ་ཡལ་བར། །
ངོ་མཚར་སྟོང་གིས་མཛེས་སྡུག་སེམས་སུ་བཀྲ། །
བོད་ཤོག་གི་རྒྱུ་ཆ་འཚོལ་བསྡུད་དང་ལག་རྩལ་ཇི་ལྟར་སྤྱད་དགོས་པ།
གོང་དུ་ཞུས་པའི་བོད་ཤོག་རིགས་མི་འདྲ་བ་དེ་དག་སྟེས་དབང་དང་སྟབས་ལེགས་ཀྱིས་རང་བཞིན་དུ་གྲུབ་པ་ཞིག་མིན་ལ། འདི་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་རིག་གནས་ཀྱི་གྲུབ་ཆ་མང་བ་ལག་རྩལ་གྱི་མཛེས་སྡུག་བཀྲ་བས་ཕྱོགས་གང་ཐད་དུ་སྤྱོད་སྒོ་ཆེ་བའི་ཐོན་རྫས་ཀྱི་རིགས་ཤིག་ཡིན། བོད་ཤོག་གི་རྒྱུ་ཆ་གཙོ་བོ་ནི་དབྱར་དུས་སྤང་ལྗང་གི་མཛེས་སྡུག་བཀྲ་བའི་ར་དུག་གམ་རེ་ལྕག་གི་རྩ་བའི་བར་ཤུན་དེ་ཡིན་ལ། དབྱར་དགུན་གྱི་ནམ་ཟླ་དང་བསྟུན་མི་དགོས་པའི་ནག་ཀླུང་གི་ལྗོན་པའི་བྱེ་བྲག་ཤོག་ཤིང་ཨ་ག་རུ་དང་དུང་ལོ་མ་སོགས་ཀྱི་བར་ཤུན་རེ་ལྕག་གི་བར་ཤུན་དང་སྲབ་མཐུག་ཚད་མཉམ་པ་དེ་ཡིན། དེ་གཉིས་ཀའི་བར་ཤུན་ལེན་སྟངས་དང་ཤོག་འདག་བཟོ་སྟངས་ལ་ཁྱད་པར་མེད་ཀྱང་། ཐོན་རྫས་ཀྱི་ཤོག་རྒྱུའི་སྤུས་ཚད་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པས། རེ་ལྕག་གིས་བཟོས་པའི་ཤོག་རྒྱུ་འཇམ་ཞིང་ལྟེབ་ན་ཆག་རལ་གྱི་སྐྱོན་མི་འབྱུང་བའི་དགེ་མཚན་ལྡན་ལ། ཤིང་ཤོག་གིས་བཟོས་པའི་ཤོག་ངོས་ཅུང་དཀར་ཡང་ཤོག་རྒྱུ་ཅུང་ཞན་པས་ལྟེབ་ན་ཆག་རལ་སླ་བའི་སྐྱོན་ཡོད་པ་ཡིན། ཡང་རེ་ལྕག་གི་བར་ཤུན་ལ་ཚི་སྣ་ཅུང་མང་བས་འཚེད་དཀའ་བ་དང་གལ་སྲིད་འཚེད་པར་གྱུར་ཀྱང་ཚི་སྣ་དེ་ཅུང་སེར་པོ་ཡིན་སྟབས་ཤོག་ངོས་སེར་ཤས་ཡོད་པའི་སྐྱོན་འབྱུང་། གང་ལྟར་ཡང་རེ་ལྕག་དང་ཤིང་ཤོག་གཉིས་ཀའི་ཤོག་རྒྱུ་འཚོལ་སྡུད་བྱུང་ཡང་ད་རུང་བར་ཤུན་ལེན་མ་ཤེས་ན་ཤོག་གུ་བཟོ་བྱེད་རྒྱུ་མི་འགྲུབ་པས། བར་ཤུན་དེའང་ཤོག་རྒྱུ་གཉིས་པོ་ལོན་མ་ཐག་ཉི་མར་ཅུང་ཟད་དྲོས་བཅུག་ནས་མཉེན་ཆ་མ་བྱུང་བར་ལོན་དཀའ་བས་རབ་ན་ཉིན་གཉིས་གསུམ་བར་ཉི་མར་འཇོག་ནས་ལེན་ན་མཉེན་ཆ་ལྡན་པས་ལེན་སླ་བ་ཡིན། དེ་ཡང་ཁ་ཅིག་གི་བར་ཤུན་སྐམ་བསྲེག་བྱེད་དགོས་པར་བཤད་ཀྱང་ཁོ་བོས་སྐོམ་རློན་གྱི་ཁྱད་པར་མ་མཐོང་བས་བར་ཤུན་མང་ན་བཙོ་སྣོད་ཀྱང་ཆེན་པོ་དང་སྣོད་ཤོག་རྒྱུ་མང་ཉུང་དང་བསྟུན་ནས་གང་བདེར་སྤྱད་ཆོག །དེ་ཡང་དུས་ཡུན་རིང་པོ་བར་ཤུན་དེ་དག་མ་འདག་གི་བར་བཙོ་དགོས། དེ་ཡང་ཚོས་ནས་ཤོག་འདག་དེ་རྡོ་གཏུམ་ནང་དུ་ལྡུག་ནས་ཡུན་རིང་པོའི་བར་ཤིང་གི་ཐོ་བས་བརྡུང་ནས་སྐྱོ་མ་མ་བྱུང་གི་བར་འདུལ་དགོས། ནམ་ཞིག་ཚི་སྣ་མེད་པར་ཤོག་སྐྱོ་འབའ་ཞིག་ཏུ་གྱུར་ཚེ་ཤིང་གི་ཤོག་སྒྲོམ་མམ་ཟོམ་དང་ཟོ་བའི་ནང་དུ་བུལ་ཏོག་ཅུང་ཟད་བཏབ་ནས་བླུགས་ཏེ་ད་དུང་ཡུན་རིང་བསྲུབ་ཅིང་ཞོ་ལྟར་མ་བྱུང་གི་བར་དུ་དཀྲུག་དགོས། དེ་ནས་ཆུ་སྣོད་གྲུ་བཞིར་ཤོག་རྭ་ཆེ་ཆུང་ཚད་ལས་ཅུང་ཆེ་བར་ཟབ་ཚད་ཁྲུ་གང་ཡས་མས་ཀྱི་ནང་དུ་ཤོག་རྭ་དེའང་། དབྱིབས་གྲུ་བཞི་ནར་མོ་ཐང་གའི་རྒྱང་ཤིང་ལྟར་ཤིང་ལེབ་སོར་གང་ཙམ་ལ་རུ་བཞི་སྤྲད་པའི་ངོས་གཅིག་ཚགས་རས་སྦྱར་བ་ཆུའི་སྟེང་དུ་བཀོད་ནས་ཤོག་འདམ་ཕོར་པས་ཚད་དང་མཐུན་པར་གཅུས་ཏེ་ཤོག་རྭའི་ཚགས་རས་ངོས་ཆུ་དང་མཉམ་དུ་དཀྲུགས་པས་སྙོམས་པོར་སྐྱོམ་ནས་དྭངས་མ་ཆུ་ཡི་འོག་ཏུ་སྙིགས་མ་ཤོག་འདག་གི་ཚགས་རས་ཁེབས་པའི་ཚེ། ཤོག་རྭའི་ལོགས་གཅིག་ཏུ་དལ་མོ་གཟར་ནས་ཉི་མར་འཇོག་དགོས། ཤོག་རྭ་ཉི་མས་བསྐམས་རྗེས་གདོད་ཚགས་རས་དང་ཤོག་གུ་ཐ་དད་དབྱེ་ཆོག
སྣོད་བཅུད་ཤེས་བྱ་སྲིད་པའི་ར་བ་འདིར། །
མི་སྲིད་བྱ་བ་གཅིག་ཀྱང་ཡོད་མིན་ཏེ། །
རྟོག་པའི་དྲྭ་ཟུར་སྲིད་པའི་འཁྲི་ཤིང་གྱི། །
ལས་དང་སྣང་བ་འདི་ལ་སུ་ཞིག་གཡོལ། །
བོད་ཤོག་གི་བེད་སྤྱོད་དང་དགེ་མཚན་སོགས་བཤད་པ།
སྤྱིར་སྔ་མོའི་དུས་སུ་བོད་ཤོག་ནི་ཡི་གེ་འབྲི་སྤྱད་ཁོ་ན་ལས་གཞན་ཕལ་ཆེར་བེད་སྤྱོད་ཆེར་མེད་པ་ལྟ་བུའི་སྣང་ཚོད་ཡོད་མོད། དེང་དུས་བོད་ཤོག་ནི་མཁོ་སྤྱད་མང་པོའི་ཐོན་རྫས་ཀྱི་གྲུབ་ཆ་ལྡན་ལ། བོད་ཤོག་ནི་ཡི་གེ་འབྲི་སྤྱད་གཅིག་པུར་མི་སེམས་པར་འདི་ལ་དུས་རབས་དང་མཐུན་པའི་རིག་གནས་ཀྱི་གྲུབ་ཆ་མང་པོ་དེང་དུས་གསར་གཏོད་ཀྱི་ལམ་ནས་བེད་སྤྱོད་བྱེད་བཞིན་ཡོད་ལ། དེའང་ཤོག་གུའི་སྤུས་ཚད་གཞན་དང་མི་འདྲ་བར་རྒྱུ་སྤུས་སྲ་བའི་རང་བཞིན་དང་ལྡན་པས། ཡུན་རིང་བེད་སྤྱོད་བྱས་ཀྱང་ཞིག་རལ་མི་འགྱུར་བར་དུས་རབས་ཀྱི་ཀྱོག་མཚམས་ནས་ཉར་ཚགས་བྱས་པའི་གནའ་དཔེ་རྣམས་དེང་དུས་ཀྱང་སྔར་བཞིན་བེད་སྤྱོད་བྱེད་ཆོག་པ་དང་། བོད་ཤོག་རྒྱ་བོད་དབྱིན་གསུམ་སོགས་མི་རིགས་ཀྱི་རིག་གནས་གསར་སྤེལ་དང་འདོན་སྤྲོད་བྱེད་སའི་སྤུས་ཚད་མཐོ་ཤོས་ཀྱི་ཤོག་བུའི་རིགས་ཤིག་ཡིན་ལ། དེའང་ཡི་གེ་རྐྱང་པ་ཙམ་མ་ཡིན་པར་ཐང་གའི་པར་གཞི་དང་། རི་མོ་བཞེངས་སྐྲུན་གྱི་ལག་རྩལ་བེད་སྤྱོད་བྱེད་ཆོག་པའི་དགེ་མཚན་ལྡན་པ་དང་། གཞན་ཡང་དེང་དུས་དུས་རབས་དང་མཐུན་པའི་མགྲོན་ཤོག་དང་ལྒང་བཞུ་མེ་ཏོག་སྣ་ཚོགས་བཟོ་ཆོག་ལ། གནའ་བོའི་བོད་ཤོག་ལ་སྣག་དང་རམས་སོགས་འབྱར་ཚི་སྡེབ་ནས་ཤོག་ནག་བཟོས་པའི་ཐོག་གསེར་དངུལ་གྱི་བྲིས་པའི་བཀའ་བསྟན་དང་གསུངས་འབུམ་རྣམས་དེང་དུས་རིན་ཐང་ཚད་མཐོན་པོ་སླེབས་ཡོད་པ་དང་། གཞན་ཡང་བོད་ཤོག་གིས་བཟོས་པའི་གནའ་དཔེ་མཚལ་པར་དང་སྣག་པར་གང་རུང་ཞིག་ལའང་དེང་དུས་ཚད་མཐོན་པོའི་གདེང་འཇོག་གནང་བཞིན་ཡོད། རེ་ལྕག་གིས་བཟོས་པའི་ཤོག་བུ་ལ་འབུ་སྲིན་གྱི་གནོད་འཚེ་མི་འབྱུང་བར་རང་བཞིན་ལྷན་སྐྱེས་ཀྱི་དུག་རྫས་ཀྱིས་འགོག་སྲུང་བྱེད་ཐུབ་པའི་དགེ་མཚན་ལྡན་པ། སྔོན་གྱི་གནའ་དཔེ་དེ་དག་མི་ལོ་མང་པོའི་རིང་རླན་སར་སྦས་ནས་ཕྱིས་སུ་ས་དོང་ནས་འདོན་པས་རུལ་སྐྱོན་མ་སོང་བའི་དགེ་མཚན་ལྡན་པ་སོགས་ཡོད་དོ། །
ཕྲ་བའི་རྣམ་ཤེས་འདི་ཡི་ཕ་རོལ་ན། །
འཇིག་རྟེན་གསར་པའི་སྣང་བ་མ་ཤར་བར། །
འཚོ་བ་འདི་ལས་རིང་དུ་མི་བཏང་བའི། །
ང་དང་ཁྱོད་ཀྱིས་སྒྲུབ་བྱའི་སྙིང་པོ་ཡིན། །
སྡེ་དགེའི་ཁམས་ཤོག་གི་རིག་གནས་དང་ལག་རྩལ།
སྡེ་དགེའི་ཁམས་ཤོག་གི་ཤོག་བཟོའི་ལག་རྩལ་ནི་སྔོན་སི་ཏུ་ཆོས་འབྱུང་དང་ཆོས་རྒྱལ་བསྟན་པ་ཚེ་རིང་གཉིས་ཀྱི་སྐབས་དར་རྒྱས་སུ་བྱུང་བའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་ལ། དེང་དུས་རིག་གནས་ཀྱི་བང་མཛོད་འཛམ་གླིང་གི་མིག་རྒྱུན་དུ་གྱུར་པའི་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་པོའི་བཀའ་བསྟན་པར་ཤོག་ཕལ་ཆེར་སྡེ་དགེ་ཁམས་ཕྱོགས་ཀྱི་ཤོག་བཟོའི་རིག་གནས་ཀྱི་ལག་རྩལ་ཆེས་ཕུལ་དུ་བྱུང་བ་ནི། ཨ་ལོའི་གན་ཤོག་དང་འཛིང་པའི་ཆགས་ཤོག་གཉིས་ལས་བྱུང་བར་གྲགས་ལ། དེང་དུས་ཀྱང་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་མང་དུ་ཡོད་ནའང་དེའི་ནང་ཤོག་བཟོའི་རིག་གནས་ཀྱི་སྙན་པར་རྒྱས་པའི་སྡེ་དགེའི་ཚངས་དཔལ་གྱིས་བོད་ཤོག་བཟོ་རྩལ་ནི། སྤུས་ཚད་མཐོ་ལ་གསར་གཏོད་ཀྱི་ལག་རྩལ་ལ་སྒྱུ་རྩལ་གྱི་གསོན་ཤུགས་བརྟས་པའི་ཤོག་རྭའི་ལྡུམ་ར་ལ། ཤོག་ངོས་སུ་མེ་ཏོག་གི་འདབ་མ་རྒྱས་པའི་མཛེས་སྡུག་གི་དཔལ་ཡོན་རྫོགས་པས་ཆེད་ལས་ལ་མཁས་པའི་ཁུལ་རིམ་པའི་ཤུལ་བཞག་རིག་དངོས་ཀྱི་རྒྱུན་འཛིན་པ་ཉག་ཅིག་ཏུ་གྱུར་ཡོད། བོད་ཤོག་འདི་ལ་རྒྱ་བོད་གཉིས་ཀྱི་ཐུན་མོང་གི་བློ་གྲོས་དང་ཉིང་བཅུད་ལྟ་བུ་སོན་ཡོད། །