ཉེ་བའི་ལོ་ཤས་རིང་། སྤྱི་ཚོགས་ཐོག་གི་སྒོ་བྱང་དང་། དྲིལ་བསྒྲགས་སྦྱར་ཡིག །ལམ་སྟོན་བྱང་བུ། བརྡ་ཁྱབ་སྦྱར་ཡིག་སོགས་ལ་བོད་ཡིག་དག་ནོར་ཤོར་བ་དང་། ཀློག་མི་ཐུབ་པ། ཀློག་ཐུབ་ཀྱང་གོ་ལ་ལེན་ཐབས་བྲལ་བ་སོགས་སྣང་ཚུལ་མང་པོ་ཞིག་ཐོན་ཡོད་པ་སྟེ། དཔེར་ན། ལྷ་ས་ལྟ་བུར་ལྟ་ས་བྲིས་པ་དང་། སྙེ་ཐང་ལྷ་ཆེན་མོར་གཉན་ཆེན་ཐང་ལྷ་བྲིས་པ་སོགས་མང་དག་ཅིག་ཐོན་ཡོད། འོ་ན། སྣང་ཚུལ་དེ་རིགས་ཇི་ལྟར་ཐོན་པ་རེད་དམ། ཐག་གཅོད་ཇི་ལྟར་བྱེད་དགོས་མིན་ཐད་ང་ཚོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་གསར་འགོད་པས་ཉེ་ལམ་ཁྲོམ་གཞུང་གི་བརྡ་ཁྱབ་ཁང་དང་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་དུ་དེའི་སྐོར་ལ་དམིགས་སུ་བཅར་འདྲི་ཞུས་པ་ཡིན།
སྣང་ཚུལ་དེ་རིགས་ཀྱི་འབྱུང་རྐྱེན།
ཉེ་དུས། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁག་ཅིག་གི་བརྡ་ཁྱབ་ཁང་དུ་བཅར་འདྲིར་སོང་ནས། ཁོང་རྣམ་པས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་སྒྱུར་ལས་སྒོ་ཇི་ལྟར་གཉེར་གྱི་ཡོད་མེད་སྐོར་འདྲི་སྐབས། ཚོང་ཁང་གི་སྦྱིན་བདག་མང་པོ་ཞིག་གིས། ང་ཚོར་རྒྱ་བོད་ཡིག་སྒྱུར་གྱི་མངག་ཐོ་དང་ལས་སྒོ་མང་པོ་མེད་རྐྱེན་ཡིག་སྒྱུར་ཆེད་ལས་མི་སྣ་མེད་པར། ཡིག་སྒྱུར་མཉེན་ཆས་ལ་བརྟེན་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་གི་ཡོད། ལྷག་པར་དུ། ང་ཚོས་བོད་སྐད་ཡིག་མ་ཤེས་སྟབས་ནང་དོན་ཐད་ལའང་ཞུ་དག་གཏོང་ཐབས་མི་འདུག འོན་ཀྱང་། འཛད་སྤྱོད་པ་ཁག་ཅིག་གིས་མ་ཡིག་གི་དཔེ་གཞི་ཁྱེར་ནས་སྒོ་བྱང་སོགས་བཟོ་བར་ཡོང་གི་འདུག་པས། དེ་རིགས་ལ་སྒྱུར་ནོར་ཤོར་བ་སོགས་ཀྱི་སྣང་ཚུལ་ཐོན་ཅུང་ཉུང་བ་འདུག་ཅེས་བཤད། གསར་འགོད་པས་བཅར་འདྲི་བྱེད་སྐབས། བརྡ་ཁྱབ་ཁང་སོགས་ཀྱིས་མཉེན་ཆས་ལ་བརྟེན་ནས་བསྒྱུར་བྱའི་ནང་དོན་བོད་རྒྱ་ཡིག་རིགས་གཉིས་སུ་བསྒྱུར་རྗེས། ནང་དོན་ཡང་དག་མིན་ཐད་ཞུ་དག་གཏོང་གི་མེད་པས། ནང་དོན་མང་པོ་ཞིག་ཐད་སྒྱུར་ཐལ་དྲགས་པའི་སྣང་ཚུལ་ཐོན་པ་ཤེས་རྟོགས་བྱུང་།
སྤྱི་ལོ་2023ལོར་ཤེས་རྟོགས་ཐུབ་པའི་སྤྱི་ཚོགས་ཀྱི་སྤྱོད་ཡིག་ཡང་མི་དག་པའི་སྣང་ཚུལ་དང་བཅོས་སྒྲིག
དོན་དེའི་ཐད་གསར་འགོད་པས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་དུ་སོང་ནས་རྒྱུས་ལོན་བྱེད་སྐབས། ཁོའོ་ཀྲང་བསྟན་འཛིན་དབང་མོ་ལགས་ཀྱིས།ལྷ་ས་གྲོང་ཁྱེར་གྱིས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཡོང་ཆེད། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྒོ་ཀུན་ནས་ཆེ་རུ་བཏང་བས། སྤྱི་ལོ་2023ལོ་ལྟ་བུར་མཚོན་ན། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་མིན་པའི་གནད་དོན་ཁག་2334ཙམ་ཤེས་རྟོགས་བྱུང་། མིག་སྔར། གནད་དོན་དེ་རིགས་བཅོས་སྒྲིག་དང་ཡོ་བསྲང་ཐུབ་ཚད་98%ཟིན་ཡོད་ཅེས་དང་། ཁོང་གིས། ང་ཚོས་ད་དུང་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ཆེན་པོ་དང་བསྟུན་ནས་འཕྲལ་མར་གྲོང་ཁྱེར་དེ་ཡོངས་ཀྱི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་བཅོས་སྒྲིག་བྱ་སྤྱོད་སྐུལ་འདེད་ཚོགས་འདུ་འཚོགས་ནས། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་དམིགས་འབེན་དང་། ལས་འགན། ཁྱབ་ཁོངས། བླང་བྱ། བྱ་ཐབས། འགན་འཁྲི་བཅས་ཁ་གསལ་བཟོས་པས་ཕན་འབྲས་ངེས་ཅན་ཐོན་སོང་། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གང་ཙམ་ཐེབས་སོང་ཞེས་གསུངས་བྱུང་།
ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་བཅོས་སྒྲིག་བྱ་སྤྱོད་ཀྱིས་ཆེད་དོན་ཚོ་ཆུང་བཙུགས་ཏེ། སྤྱི་ལོ་2023ལོའི་ཟླ་11ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་ལ་ཕྱོགས་པའི་མཚོན་རྟགས་བྱང་བུ་དང་། ལམ་བྱང་། དྲིལ་བསྒྲགས་བྱང་བུ། དྲིལ་བསྒྲགས་སྦྱར་ཡིག བརྡ་ཁྱབ་བྱང་བུ། གློག་རྡུལ་འཆར་ཤེལ་སོགས་ཀྱི་ཐད་སྤྱད་པའི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལ་སྒོ་ཀུན་ནས་ལྟ་སྐུལ་དང་བཅོས་སྒྲིག་བྱས་ཡོད། མིག་སྔའི་བར། ཁྱོན་གནད་དོན་28811ཞིབ་བཤེར་བཅོས་སྒྲིག་བྱས་པ་དང་། དེ་མིན་གྱི་གནད་དོན་དུས་བཀག་བཟོས་ནས་བཅོས་སྒྲིག་བྱེད་དུ་བཅུག་ཡོད།
བསྟན་འཛིན་དབང་མོ་ལགས་ཀྱིས། སྣང་ཚུལ་དེ་རིགས་ལ་དམིགས་ནས། ངེད་གཞུང་ལས་ཁང་གིས་ཐོག་མཐའ་བར་གསུམ་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་བཞིན་ཡོད། དཔེར་ན། སྤྱི་ལོ་2023ལོའི་ཟླ་12པར། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་། ཁྲེན་ཀོན་ཆུས་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་དང་མཉམ་འབྲེལ་ཐོག ལྷ་སའི་གྲོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱི་མིང་དང་། རླངས་འཁོར་ནང་ཁུལ་གྱི་ཤ་ཚའི་དྲན་སྐུལ་ཡི་གེ འགྲུལ་པས་ངེས་པར་དུ་ཤེས་དགོས་པའི་དོན་ཚན་སོགས་ཀྱི་ཐོག་བེད་སྤྱད་པའི་སྤྱི་ཚོགས་སྤྱོད་ཡིག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པས། དཔེར་ན། “暖心公司”ཞེས་པའི་འབབ་ཚུགས་ཀྱི་མིང་སྒྱུར་ནོར་ཤོར་བ་སོགས་ཀྱི་གནད་དོན་17ཤེས་རྟོགས་ཐུབ་བྱུང་། མིག་སྔར། གནད་དོན་དེ་དག་ཚང་མ་བཅོས་སྒྲིག་བྱས་ཚར་སོང་ཞེས་དང་། ཁོང་གིས། ཤེས་རྟོགས་ཐུབ་པའི་གནད་དོན་ཐད། ང་ཚོས་ཕྱིར་མིག་བལྟ་བའི་རྣམ་པའི་ཐོག་ནས་ཤེས་རྟོགས་ཐུབ་པའི་གནད་དོན་བཅོས་སྒྲིག་བྱས་ཡོད་མེད་ལྟ་སྐུལ་བསྐྱར་བཤེར་གྱི་བྱ་ཐབས་བཟུང་གི་ཡོད། གལ་སྲིད། བསྐྱར་བཤེར་གྱི་བརྒྱུད་རིམ་ནང་། ད་དུང་བཅོས་སྒྲིག་བྱས་མེད་པའམ་བྱས་ཚར་མེད་པའི་གནད་དོན་ཤེས་རྟོགས་ཐུབ་ཕྱིན། མགྱོགས་ནས་མྱུར་དུ་བཅོས་སྒྲིག་བྱེད་དགོས་པའི་སློབ་གསོ་གཏོང་བའམ་ལྟ་སྐུལ་བྱེད་པའི་བྱ་ཐབས་བཟུང་ཏེ་དུས་ཚོད་འོས་འཚམས་སྐབས་སླར་ཡང་བཅོས་སྒྲིག་གང་འདྲ་བྱས་མིན་བལྟ་བར་འགྲོ་གི་ཡོད་ཅེས་གསུངས།
སྣང་ཚུལ་དེ་རིགས་བཅོས་སྒྲིག་བྱེད་པར་བཟུང་བའི་ཐབས་ལམ།
བསྟན་འཛིན་དབང་མོ་ལགས་ཀྱིས། ཁྲོམ་རའི་ཐོག་བརྡ་ཁྱབ་ཁང་སོགས་སུ་ཡིག་སྒྱུར་མཁན་ཚད་ལྡན་མེད་པའི་གནད་དོན་ཡོད་པར་གཞིགས་ཏེ།ང་ཚོས་ལྷ་ས་གྲོང་ཁྱེར་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཆེད་མངགས་ཡིག་སྒྱུར་བྱེད་སའི་སྐར་ཁུང་བཙུགས་ཏེ་ཡིག་སྒྱུར་ལས་སྒོའི་རྐང་འཛིན་མི་སྣ་མངགས་ནས་སྤྱི་ཚོགས་ལས་རིགས་ཁག་ལ་ཡིག་འབྲུ་50ནང་ཚུན་རིན་མེད་ངང་ཡིག་སྒྱུར་བྱེད་པའི་ཞབས་ཞུའང་མཁོ་འདོན་བྱས་ཡོད། དེ་ལྟར་བྱས་ཚེ། གཅིག་ནས་གྲོང་མིའི་ཡིག་སྒྱུར་དགོས་མཁོ་སྐོང་ཐུབ་ཀྱི་འདུག་ལ། གཉིས་ནས་བསྒྱུར་བྱའི་ནང་དོན་གྱི་ཡང་དག་རང་བཞིན་དང་ཚད་ལྡན་རང་བཞིན་ལ་འགན་ལེན་ཡོང་གི་འདུག་ཅེས་གསུངས།
ཁོང་གིས། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཅུས་ཀྱིས་སྤྱི་ཚོགས་སྤྱོད་ཡིག་ཐེར་འདོན་ཁ་པར་དང་། སྦྲག་སྒམ་ཡང་ཤར་གཏོང་བྱས་པ་ཡིན། གལ་ཏེ། རྒྱ་ཆེའི་གྲོང་མི་རྣམ་པས་སྤྱི་ཚོགས་ཐོག་ཏུ་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་འབྲི་ནོར་ཤོར་བ་དང་། སྒྱུར་ནོར་ཤོར་བ་ལ་སོགས་པའི་གནད་དོན་ཤེས་རྟོགས་ཐུབ་ཚེ། ང་ཚོར་ཁ་པར་ཨང་གྲངས་0891—6381380 15348916333བསྐྱོན་ནས་ཐེར་འདོན་གནང་ན་འགྲིག་གི་རེད་ལ། ཡི་གེའི་ལམ་ནས་ཐེར་འདོན་བྱེད་པའི་ནང་དོན་རྣམས་སྦྲག་སྒམ་མམ་ཡང་ན་ཐད་ཀར་ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་ཆེན་སྒོ་རྟགས་69ཡི་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་བོད་སྐད་ཡིག་ལས་དོན་ཁོའོ་རུ་བསྐུར་ནའང་འགྲིག་ཅེས་གསུངས།
གཞན་ད་དུང་། ཁོང་གིས། གྲོང་མི་མང་པོ་ཞིག་གིས་ཐེར་འདོན་བྱེད་སྐབས་ནང་དོན་ཁོ་ན་ཐེར་འདོན་བྱས་པ་ལས། ས་ཆ་གང་ཞིག་ཏུ་སྤྱི་ཚོགས་སྤྱོད་ཡིག་གི་གནད་དོན་གང་ཞིག་ལྡན་པ་གསལ་པོ་བྲིས་མེད་པས། དེས་ཀྱང་། གནད་དོན་ཐག་གཅོད་བྱེད་པའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་འགྲོ་གི་འདུག དེར་བརྟེན། ང་ཚོས་ཀྱང་། ད་ཐེངས་ཁྱེད་རྣམ་པའི་སྐད་འཕྲིན་སྟེགས་བུ་བརྒྱུད། རྒྱ་ཆེའི་གྲོང་མི་རྣམ་པས་སླད་ཕྱིན་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་མེད་པའི་ཁུངས་སྣེ་དང་གནད་དོན་ཐེར་འདོན་བྱེད་སྐབས་རབ་བྱུང་ན། གནད་དོན་ཡོད་སའི་ཞིབ་ཕྲའི་ས་གནས་སམ་གནས་ཡུལ་གསལ་པོ་འབྲི་རོགས་ཞུ་རྒྱུ་ཡིན་ལ། གྲོང་མི་རྣམ་པས་མུ་མཐུད་ལྷ་སའི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལས་དོན་ལ་ལྟ་སྐུལ་བྱས་ནས་ང་ཚོར་ཁུངས་སྣེ་དང་གནད་དོན་གང་མང་མཁོ་འདོན་གནང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་། །